ཀྲུང་གོའི་ས་བོན་ལེགས་པར་བཏབ་ནས་ཀྲུང་གོའི་ལྟོ་ཕོར་ལག་ཏུ་དམ་པོར་བཟུང་དགོས།
—— འཐུས་མི་དང་ཨུ་ཡོན་ཚོས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་པའི་སྐོར་གླེང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཀྲུང་གོའི་ས་བོན་ཡག་པོ་བཏབ་ཚེ་གཞི་ནས་ཀྲུང་གོའི་ལྟོ་ཕོར་ལག་ཏུ་དམ་པོར་བཟུང་ཐུབ་པ་དང་འབྲུ་རིགས་བདེ་འཇགས་ཡོང་ཐུབ”ཅེས་ནན་བཤད་གནང་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཧྲན་ཏུང་ཐའེ་ཨན་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཁུང་དབྱི་ཡིས་ལོ་གསུམ་གོང་གི་གནས་ཚུལ་བློ་ལ་གསལ་ཐིང་ངེར་དྲན་གྱི་ཡོད་དེ། 2021ལོའི་ཟླ་3ཚེས་5ཉིན་ཁོང་གིས་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་གྲོས་འགོ་བཏོན་པ་དང་། ཉིན་གཉིས་པར་འབྲེལ་ཡོད་སྡེ་ཚན་གྱིས་ཞིང་ལས་དང་གྲོང་གསེབ་པུར་བརྒྱུད་སྤྲོད་བྱས་པས་ཞིང་ལས་དང་གྲོང་གསེབ་པུའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་བརྙན་ལམ་ཁ་པར་བརྒྱབ་སྟེ་ཁོང་དང་དཔྱད་བསྡུར་གཏིང་ཟབ་བྱས་ནས་ལན་སློག་ཡོད།
འཐུས་མི་ཁུང་དབྱི་ཡིས“2021ལོར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་གྲོལ་ནས་གཟའ་འཁོར་གཅིག་ལྷག་ཙམ་ལས་མ་སོང་བར་ཞིང་ལས་དང་གྲོང་གསེབ་པུས་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཞིང་སོན་ཐོན་ཁུངས་སྒྲིག་འཛུགས་ཡོད་པའི་ངང་ཡོངས་བཤེར་བྱེད་དགོས་པའི་བརྡ་ཐོ་བཏང་སོང”ཞེས་བརྗོད།
“རྙེད་བྱུང་། དེ་རང་རེད།” ལོ་གསུམ་རིང་རི་སྐྱེས་བཟའ་བཅའི་ཤ་མོ་སྐྱེ་འཚར་ལ་འཚམ་པའི་ཆར་དུས་སུ་བཟའ་བཅའི་ཤ་མོ་འདེབས་གསོའི་ལག་རྩལ་ཞིབ་འཇུག་བྱེད་མཁན་འཐུས་མི་ཁུང་དབྱི་ཡིས་རུ་སྣེ་ཁྲིད་དེ་རི་ཁུལ་གྱི་ནགས་ཚལ་སྟུག་པོའི་ཁྲོད་སོན་རྒྱུའི་ཐོན་ཁུངས་འཚོལ་བསྡུ་བྱེད་པར་བསྐྱོད་ཀྱི་ཡོད། ཐེངས་གཅིག་ཕྱི་རོལ་དུ་འཚོལ་བསྡུ་བྱེད་སྐབས་བརྩི་མཐོང་བྱེད་རིགས་མེད་པའི་རི་སྐྱེས་ཀོ་ཤ་ཁ་ཤས་ལ་ཁོང་གིས་ནོར་བུ་རྩ་ཆེན་རག་པ་ལྟར་བྱེད་ཀྱི་ཡོད། ཁོང་གིས“ཕྱིའི་བཟོ་ལྟ་ཡག་པོ་མེད་པའི་ཁར། ཆུང་ཆུང་ཡིན་པ་དེར་མངར་ཆ་མང་པོ་འདུས་ཚད་ནི་ཀོ་ཤ་དཀྱུས་མའི་ལྡབ་ཁ་ཤས་ཡིན་པས་མཐོང་ཧ་ཅང་དཀོན་ལ་རྩ་ཆེ་བ་ཞིག་རེད། ཕུན་སུམ་ཚོགས་པའི་སོན་རྒྱུའི་ཐོན་ཁུངས་ནི་སོན་གསོའི་རྒྱུ་ཆའི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་པས་ང་ཚོས་འཚོལ་བསྡུ་དང་། སྲུང་སྐྱོང་། བེད་སྤྱོད་བཅས་ཡག་པོ་བྱེད་དགོས”ཞེས་གསུངས་པ་རེད།
ཞིང་ལས་དེང་རབས་ཅན་དུ་འགྱུར་བར་ས་བོན་ནི་རྨང་གཞི་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྒྲིག་ཆས་དང་ཆ་རྐྱེན་ཡག་པོ་ག་ཚོད་ཡོད་རུང་སོན་བཟང་མེད་ཚེ་ཞིང་ལས་དེང་རབས་ཅན་མངོན་འགྱུར་བྱེད་དཀའ”ཞེས་ནན་བཤད་གནང་ཡོད།
མི་རིགས་ཀྱི་འདེབས་འཛུགས་ལས་རིགས་གོང་དུ་སྤེལ་བ་དང་ས་བོན་གྱི་འབྱུང་ཁུངས་བདེ་འཇགས་ཡོང་བར་བྱེད་པ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་མཐོ་ཚད་དུ་འཇོག་དགོས། 2021ལོའི་ཟླ་9པར་རྒྱལ་ཁབ་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད་བསྐྲུན་ནས་སྤྱད་པར་གཤོང་ཚད་བསྡོམས་འབོར་ཁྲི་150ཟིན་པ་དང་ཉར་ཚགས་ཀྱི་ནུས་པ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། མི་རིང་བའི་གོང་། རྒྱལ་ཡོངས་ཀྱི་ཞིང་ལས་ཀྱི་སོན་རྒྱུའི་ཐོན་ཁུངས་ཡོངས་བཤེར་མཇུག་འགྲིལ་བ་དང་། ཞིང་ལས་ཀྱི་སོན་རྒྱུའི་ཐོན་ཁུངས་ཁྲི་53ལྷག་ཙམ་གསར་དུ་བསྡུ་རུབ་བྱས་ནས་སོན་བཟང་དེ་བས་མང་བ་འདེབས་ཆེད་འབྱུང་རྩའི་རྨང་གཞི་བརྟན་དུ་བཏང་ཡོད།
ལོ་ལྟར་གྱི་དགུན་དཔྱིད་གཉིས་སུ་ཚན་ཞིབ་མི་སྣ་སྟོང་ཕྲག་མང་པོ་ཧའེ་ནན་སན་ཡ་ཡཱ་ཀྲོའུ་དབན་མཚོ་ཁུག་འགྲམ་གྱི་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་སྐྱེ་འཕེལ་ཚན་ཞིབ་སོན་འདེབས་རྟེན་གཞིར་ཡོང་གི་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲུང་གོ་ཚན་རིག་ཁང་རྒྱུན་འཛིན་དང་སྐྱེ་འཚར་སྐྱེ་དངོས་རིག་པའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཁྲེན་ཧྥན་ཙེང་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད། ལོ་10ལྷག་ཙམ་རིང་ཁོང་ནན་ཧྥན་དུ་ཆུ་འབྲས་འདེམས་གསོར་བསྐྱོད་དེ“ཞིང་པ་བྱེད་ཞོར་ཚན་ཞིབ་པ”བྱེད་པ་དང་ཞིང་འཕྲུལ་དང་ཞིང་ལས་ཐོན་སྐྱེད་ཀྱི་རྒྱུ་ཆ་མང་ཆེ་བ་རང་ཉིད་ཀྱིས་མཐུན་སྦྱོར་བྱེད་པ་དང་ཚན་ཞིབ་གྲངས་གཞི་ཚང་མ་ཞིང་ནང་དུ་བསྐྱོད་དེ་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་སྐུ་ལས་མང་པོ་བསྐྱོན་ཡོད། ས་གནས་དེ་གར་ཚོད་ལྟ་ཁང་མེད་སྟབས་བསྡུ་རུབ་བྱས་པའི་སོན་གསོའི་རྒྱུ་ཆ་པེ་ཅིང་དུ་ཁྱེར་ནས་ཚོད་ལྟ་བྱེད་དགོས་ཀྱི་ཡོད།
2018ལོ་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལྷོ་ཕྱོགས་སྐྱེ་འཕེལ་དུ་རྟོག་ཞིབ་གནང་བར་ཐེངས་གཉིས་ཕེབས་ནས“ངེས་པར་དུ་ཚན་ཞིབ་དང་། ཐོན་སྐྱེད། བྲིན་ཚོང་། ཚན་རྩལ་སྤེལ་རེས། གྲུབ་འབྲས་གཞན་སྒྱུར་བཅས་གཞི་གཅིག་ཅན་དང་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི‘ལྷོ་ཕྱོགས་སྐྱེ་འཕེལ་འབྲུ་རིགས’འདེབས་འཛུགས”དང“ཀྲུང་གོའི་ས་བོན་ལ་བརྟེན་ནས་ཀྲུང་གོའི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་དགོས”ཞེས་མངགས་བཅོལ་གནང་ཡོད། 2019ལོའི་ཟླ་2པར་སན་ཡ་ཡཱ་ཀྲོའུ་དབན་མཚོ་ཁུག་ཚན་རྩལ་གྲོང་དོ་དམ་ཅུས་བཙུགས་པ་དང་2021ལོའི་ཟླ་5པར་ཡཱ་ཀྲོའུ་དབན་མཚོ་ཁུག་ས་བོན་ཚོད་ལྟ་ཁང་སྒོ་བྱང་བཀལ་ནས་འཁོར་སྐྱོད་བྱས་པ་རེད།
“ད་ཆ་ཞིང་འཕྲུལ་དང་ཞིང་ལས་ཐོན་སྐྱེད་རྒྱུ་ཆར་དོ་དམ་ཅུས་ཀྱིས་ཆེད་མི་མངགས་ནས་འགན་འཁུར་བ་དང་ཚོད་ལྟའི་ཞིང་ཁ‘རིག་ལྡན་ཞིང་ཁར’གྱུར་ནས་གྲངས་གཞི་སྣ་ཚོགས་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད། ཚོད་ལྟ་ཁང་གི་སྒྲིག་ཆས་ཆ་ཚང་7000ལྷག་ཙམ་སྒོ་དབྱེ་མཉམ་སྤྱོད་བྱས་ཏེ་ཚན་ཞིབ་ཚོགས་པ་200ལྷག་ཙམ་གྱི་ཡིད་དབང་བཀུག་ནས་མཉམ་དུ་ཞིབ་འཇུག་གསར་སྤེལ་བྱེད་པ་དང་ཆབས་ཅིག ཁེ་ལས་དང་ཐོན་ལས་ཀྱི་དགོས་མཁོར་དམིགས་ནས‘ཁས་ལེན་གཙོ་འགན་ལམ་ལུགས’བཙུགས་ཏེ་ས་བོན་འབྱུང་ཁུངས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ཡོད”ཅེས་ཡཱ་ཀྲོའུ་དབན་མཚོ་ཁུག་ས་བོན་ཚོད་ལྟ་ཁང་གི་ལག་བསྟར་ཀྲུའུ་རེན་གཅིག་ལྕོགས་འཐུས་མི་ཁྲེན་ཧྥན་གྱིས་གསུངས་པ་རེད།
2021ལོར་འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཚུན། ཞིང་ལས་སྐྱེ་དངོས་ཁེ་ལས་69དང་། ཕྱུགས་རིགས་དང་བྱ་རིགས་ཁེ་ལས་86 ཆུ་ཐོན་ཐོན་རྫས་ཁེ་ལས་121སོགས་སྣེ་འདྲེན་ཁེ་ལས་ལས་གྲུབ་པའི་རྒྱལ་ཁབ་ཀྱི་འདེབས་འཛུགས་ལས་རིགས་ཁེ་ལས་ཀྱི་རྣམ་པ་རགས་ཙམ་བཏོད་དེ་ཁེ་ལས་ཀྱིས་ཚན་ཞིབ་ཚན་པ་དང་། དངུལ་རྩའི་སྒྲིག་གཞི། འདེབས་འཛུགས་ལས་རིགས་རྟེན་གཞི་བཅས་དང་མཉམ་དུ་འགག་རྩའི་ལྟེ་བའི་ལག་རྩལ་མཉམ་དུ་འགག་སྒྲོལ་བྱེད་པར་སྐུལ་འདེད་བཏང་བས་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་དུས་མཚམས་རང་བཞིན་གྱི་འཕེལ་རིམ་བྱུང་ཡོད།
འཐུས་མི་ཁྲེན་ཧྥན་གྱིས“ས་བོན་རྡོག་སྣེ་གཅིག་གིས་འཛམ་གླིང་ལ་འགྱུར་ལྡོག་གཏོང་ཐུབ་པ་དང་ལག་རྩལ་སྣེ་གཅིག་གིས་ངོ་མཚར་གཏོད་ཐུབ”ཅེས་མྱོང་ཚོར་ཟབ་མོའི་ངང་གསུངས་པ་རེད།
ས་བོན་རྡོག་བུ་གཅིག་གང་འདྲ་བྱས་ནས་ས་བོན་ཁྲི་སྟོང་མང་པོར་འགྱུར་རམ། ཀན་སུའུ་རྨ་ནུབ་དོག་ལམ་གྱི་ལྷོ་ཕྱོགས་སྐྱེ་འཕེལ་རྟེན་གཞི་སོགས་ས་ཁུལ་གྱིས་འདེམས་གསོ་བྱས་པའི་མ་རྨོས་ལོ་ཏོག་གི་སོན་བཟང་ས་གནས་དེ་གར་འདེབས་གསོ་དང་ལས་སྣོན་བྱས་པ་བརྒྱུད་རྒྱལ་ཡོངས་ཀྱི་མ་རྨོས་ལོ་ཏོག་གི་ས་བོན་ཕྱེད་ཀ་ཙམ་མཁོ་འདོན་ཐུབ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་འགན་ལེན་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཞིང་ལས་སྟོབས་ཆེན་རྒྱལ་ཁབ་བསྐྲུན་པའི་དོན་ཆེན་ཨང་དང་པོ་ཡིན”“ཐོན་ནུས་མཐོ་རུ་གཏོང་བའི་འགག་རྩ་ནི་གཙོ་གནད་ཡིན་པའི་རྨོ་ཞིང་དང་ས་བོན་གཉིས་དམ་འཛིན་བྱ་རྒྱུ་དེ་ཡིན”ཞེས་ནན་བཤད་གནང་ཡོད།
“2023ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་ང་དང་ཨུ་ཡོན་ཁ་ཤས་ཀྱིས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་མ་འཇོག་ཚད་གཞི་མཐོ་རུ་གཏོང་རྒྱུའི་གྲོས་འགོ་བཏོན་པས་ལོ་དེ་རང་དུ་འབྲེལ་ཡོད་པུའུ་ཨུད་ཀྱི་ལན་འབྱོར་བྱུང་། མི་རིང་བའི་གོང་། ནོར་སྲིད་པུས་ཀྲུང་དབྱང་ནོར་སྲིད་ཀྱིས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་མ་འཇོག་ཁ་གསབ་ཚད་གཞི་མཐོ་རུ་འོས་འཚམ་གཏོང་རྒྱུ་ཡིན”ཞེས་ཁྱབ་བསྒྲགས་བྱས་འདུག་ཅེས་ཨུ་ཡོན་མཱ་ཀྲུང་མིང་གིས་གསུངས་པ་རེད།
མིག་སྔའི་བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་དུང་ཕྱུར་10ལྷག་ཙམ་བསྐྲུན་པ་དང་། དུས་རབས་གསར་པའི་འབྲུ་རིགས་ཐོན་འབབ་ལ་བསྟུད་མར་ལོ་ལེགས་བྱུང་བ། ཀྲུང་གོ་བ་དུང་ཕྱུར་14ལྷག་ཙམ་གྱི་ལྟོ་ཕོར་སྔར་བས་བརྟན་པོར་བཟུང་ཐུབ་པ་བཅས་བྱུང་ཡོད།
“ཞིང་ལས་སྟོབས་ཆེན་རྒྱལ་ཁབ་ནི་དཀའ་སྤྱད་དང་། ལས་སྒྲུབ། འབད་འཐབ་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད”འཐུས་མི་དང་ཨུ་ཡོན་ཚོས་མཛེས་སྡུག་ལྡན་པའི་དཔྱིད་དཔལ་བསུ་བཞིན་ངར་ཤུགས་གཅིག་སྒྲིལ་དང་དཀའ་སྤྱད་དངོས་སྒྲུབ་བྱས་ནས་ཞིང་ལས་སྟོབས་ཆེན་རྒྱལ་ཁབ་བསྐྲུན་པའི་དམིགས་ཚད་ཕྱོགས་སུ་གོམ་པ་བརྟན་པོས་སྤོ་རྒྱུ་ཡིན་ཞེས་གསུངས་པ་རེད།