དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྒར་རྫོང་གཙོ་ཚོ་ཤང་རྒོད་ཚང་སྟོད་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-29

    འདི་ནི་རྒོད་ཚང་སྟོད་ཞིང་འབྲོག་པའི་མཉམ་ལས་ཁང་གི་ཅིང་ལི་སངས་རྒྱས་སྲི་ཆོད(གཡོན)དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ནོར་བུ་དགྲ་འདུལ་གྱིས་ཚགས་ཤ་སྐམ་ཡོད་མིན་ལ་ལྟ་ཞིབ་བྱེད་བཞིན་པ།

    དགུན་དུས་ཀྱི་སྒར་རྫོང་གཙོ་ཚོ་ཤང་རྒོད་ཚང་སྟོད་གྲོང་ཚོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4800ཟིན་ཞིང་། རྩྭ་ཐང་སྟེང་གྲང་ངར་ཆེ་བའི་ལྷགས་པ་འུར་འུར་དུ་ལྡང་སྐབས་མགོ་བོའི་ཞྭ་མོའང་འཁྱེར་འགྲོ་ཡི་ཡོད་མོད། འོན་ཀྱང་ཁོར་ཡུག་དེ་འདྲའི་འོག་སྐམ་གསེང་བཏང་བའི་ཚགས་ཤའི་བྲོ་བ་ཧ་ཅང་ཆེ་བས་ཁྲོམ་རར་རྒྱ་མ་རེར་སྒོར་300རག་གི་ཡོད། འདི་ཡང་སྒར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྒོད་ཚང་སྟོད་གྲོང་ཚོར་འབྲོག་ཁུལ་སྒྱུར་བཅོས་བྱེད་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད།

    2021ལོའི་ལོ་མཇུག་ཏུ་རྒོད་ཚང་སྟོད་གྲོང་ཚོའི་འབྲོག་ཁུལ་སྒྱུར་བཅོས་དངོས་སུ་བྱེད་འགོ་ཚུགས། དེ་དང་བསྟུན་ནས་གྲོང་ཚོ་དེར་འཕེལ་རྒྱས་གསར་པ་ཡོང་འགོ་ཚུགས་ནས་མང་ཚོགས་ཀྱི་འཚོ་བ་ཡང་དེ་དང་ཆབས་ཅིག་ལེཌ་སུ་ཕྱིན་ཡོད།

    རྒོད་ཚང་སྟོད་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ནོར་བུ་དགྲ་འདུལ་གྱིས་སྒར་རྫོང་གིས་ཁྱོན་མ་དངུལ་སྒོར་ཁྲི་3721བཏང་ནས་སྔ་རྗེས་སུ་འབྲོག་ལས་ཐོན་རྫས་ལས་སྣོན་བཟོ་གྲྭ་དང་། ཚགས་ཤ་སྐམ་པོ་བཟོ་གྲྭ སེང་གེ་ཁ་འབབ་གྲོང་རྡལ་གྱི་འབྲོག་ལས་ཐོན་རྫས་ཕྱིར་ཚོང་ས་ཚིགས་སོགས་རྣམ་གྲངས་མང་པོ་ལག་བསྟར་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། རྒོད་ཚང་སྟོད་གྲོང་ཚོ་དེ་དེ་སྔའི་འབྲོག་ལས་ཐོན་རྫས་ཁེར་རྐྱང་ཕྱིར་ཚོང་ནས་ད་ཆ་འབྲོག་ལས་ཐོན་རྫས་འཁོར་རྒྱུག་དང་། སྐྱེལ་འདྲེན། གསོག་ཉར་བཅས་གཞི་གཅིག་ཅན་གྱི་ཕྱིར་ཚོང་བར་འཕེལ་རྒྱས་བྱུང་ཡོད། གྲོང་ཚོ་ཡོངས་ཀྱི་དུད་ཚང་64ཡི་མང་ཚོགས་197གིས་ཕྱུགས་རིགས་སམ་ཡང་ན་ངལ་རྩོལ་ནུས་ཤུགས་ལ་བརྟེན་ནས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པ་མ་ཟད། ལོ་མཇུག་ཏུ་བགོ་འགྲེམས་མང་པོ་རག་ཡོད་པ་རེད།

    རྒོད་ཚང་སྟོད་གྲོང་ཚོའི་འབྲོག་ལས་ཐོན་རྫས་ལས་སྣོན་བཟོ་གྲྭ་དེ་གྲོང་ཚོ་ཨུ་ལྷན་གྱི་ཉེ་འགྲམ་དུ་གནས་པ་དང་། ལས་སྣོན་བཟོ་གྲྭའི་གྱང་དཀར་པོ་དེ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཐོག་མངོན་གསལ་རབ་ཏུ་དོད། བཟོ་ཁང་ཆེན་པོ་གཉིས་ཡོད་པའི་ནང་གཅིག་ནི་ཞོ་ལས་སྣོན་བྱེད་ས་དང་གཞན་ཞིག་ནི་ཐུམ་སྒྲིལ་བརྒྱབ་པའི་ཚགས་ཤ་སྐམ་པོ་ལས་སྣོན་བྱེད་ས་ཡིན་ཞིང་། སྒྲིག་ཆས་ཚང་མ་སྒྲིག་སྦྱོར་བྱས་པ་དང་མཉམ་ལས་ཁང་གི་ལས་མིར་གསོ་སྦྱོང་བྱས་རྗེས་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུ་ཡིན་པ་རེད།

    ཚགས་ཤ་སྐམ་པོ་བཟོ་གྲྭའི་ནང་གསར་འགོད་པས་ཚགས་ཤ་རྒྱ་མ་3000ཙམ་སྐམ་ཡོད་པ་མཐོང་། དེ་དག་བསྐམས་རྗེས་ཁྲོམ་རའི་ཐོག་ཚོང་གི་ཡོད། རྣམ་གྲངས་དེ་ཁོ་ན་ནས་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་90ཡོང་གི་ཡོད་པ་རེད།

    “ང་ཚོའི་གྲོང་ཚོའི་ཚགས་ཤ་སྐམ་པོ་ཁྲོམ་རའི་ཐོག་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད། བྲོ་བ་ཆེ་བར་བརྟེན་སྔོན་མངགས་བྱེད་མཁན་མང་པོ་ཡོད”ཅེས་ནོར་བུ་དགྲ་འདུལ་གྱིས་སྤོབས་པ་ཆེན་པོས་བཤད།

    རྒོད་ཚང་སྟོད་གྲོང་ཚོའི་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོའི་ལྟེ་གནས་སུ་སྐྱོད་སྐབས་ཉིན་ཤས་གོང་སྤེལ་བའི་བགོ་འགྲེམས་མཛད་སྒོའི་འཕྲེད་འགེལ་སྦྱར་ཚིག་ད་དུང་དེ་གར་མཐོང་རྒྱུ་ཡོད། “ན་ནིང་མཉམ་ལས་ཁང་ལ་ཁྱོན་ཡོང་འབབ་སྒོར་ཁྲི་357བྱུང་བ་དང་། བགོ་འགྲེམས་སྒོར་ཁྲི་288བརྒྱབ་པ། མི་རེར་ཆ་སྙོམས་བགོ་འགྲེམས་སྒོར་ཁྲི་2བྱུང་ཡོད། དངུལ་སྨར་ཡོང་འབབ་དེ་དག་ཕུད། ང་ཚོས་ད་དུང་མཉམ་ལས་ཁང་གི་ཁོངས་མི་མི་རེ་ངོ་རེར་ལུག་གསུམ་དང་། ར་གཉིས། མར་རྒྱ་མ་བཅུ། ཞོ་རྒྱ་མ་བརྒྱད་བཅས་སྤྲད་ནས་མང་ཚོགས་ཚོས་འབྲོག་ཁུལ་སྒྱུར་བཅོས་ཀྱི་ཁེ་སྤོགས་དངོས་འབྲེལ་ལོངས་སྤྱོད་ཐུབ་པར་བྱས་ཡོད”ཅེས་རྒོད་ཚང་སྟོད་ཞིང་འབྲོག་པའི་མཉམ་ལས་ཁང་གི་ཅིང་ལི་སངས་རྒྱས་སྲི་ཆོད་ཀྱིས་བཤད།

    འདི་ལོ་ལོ་52ལ་སླེབས་པའི་གྲོང་མི་ཚེ་དབང་བསོད་ནམས་དང་ཁོང་གི་བཟའ་ཟླ་དང་དེ་བཞིན་བུ་4ཚང་མ་མཉམ་ལས་ཁང་ནང་ཞུགས་ཡོད། ན་ནིང་ནང་མི་ཚང་མར་ཁྱོན་བགོ་འགྲེམས་སྒོར་ཁྲི་10.4བྱུང་ཡོད། ཁོང་ཚོའི་ཁྱིམ་ཚང་གིས་ད་དུང་གྲོང་ཚོ་ཨུ་ལྷན་གྱི་འགྲམ་དུ་ཇ་ཁང་ཞིག་བཙུགས་པས་ལོ་ལྟར་ཡོང་འབབ་མི་ཉུང་བ་ཞིག་ཡོང་གི་ཡོད།

    ཚེ་དབང་བསོད་ནམས་ཀྱིས་དགའ་སྤྲོའི་ངང་གསར་འགོད་པར“ང་ཚོའི་ཁྱིམ་གྱི་ལུག་300མཉམ་ལས་ཁང་གི་མ་རྐང་ནང་ཞུགས་ཡོད། ངས་མཉམ་ལས་ཁང་གི་མི་ཐབས་རྩྭ་འདེབས་ཀྱི་འགན་ཁུར་བ་དང་བཟའ་ཟླས་ཕྱུགས་འཚོ་བའི་འགན་འཁུར་གྱི་ཡོད། ཕྲུ་གུ་ཚོས་རྐོ་འདྲུའི་འཕྲུལ་འཁོར་གཏོང་བའམ་ཡང་ན་ཚགས་ཤ་དང་ལུག་ཤ་འཚོང་གི་ཡོད་པས། གླ་ཆ་དང་བགོ་འགྲེམས་ལས་ནང་མི་ཚང་མའི་འཚོ་བ་འབེལ་འབེལ་ལྷུག་ལྷུག་སྐྱེལ་རྒྱུ་འདུག”ཅེས་བཤད།

    གྲོང་མི་སྐལ་བཟང་གི་ཁྱིམ་དུ་མ་གཞི་ནས་ཕྱུགས་རིགས་མང་པོ་མེད། ཁོ་མོའི་ཁྱོ་ག་གྲོངས་རྗེས་ཁོང་གཅིག་པུས་བུ་མོ་གཉིས་གསོ་གི་ཡོད། བུ་མོ་གཅིག་ད་དུང་རིམ་པ་བཞི་པའི་དབང་པོ་སྐྱོན་ཅན་ཡིན་པ་དང་ཁོང་གི་ཁྱིམ་དུ་དཔལ་འབྱོར་ཡོང་ཁུངས་མེད་པ་མ་ཟད། ཕྱུགས་རིགས་སྟོངས་པའི་དུད་ཚང་དུ་གྱུར་པར་བརྟེན་འཚོ་བར་དཀའ་ངལ་ཆེན་པོ་ཡོད། འབྲོག་ཁུལ་སྒྱུར་བཅོས་བྱས་རྗེས་ཁོང་དང་བུ་མོ་གཉིས་ཀྱིས་མཉམ་ལས་ཁང་གི་ཕྱུགས་རིགས་འཚོ་ཡི་ཡོད་པས་ཟླ་རེར་གླ་ཆ་ཡོད་པ་མ་ཟད། ལོ་མཇུག་ཏུ་བགོ་འགྲེམས་ཀྱང་ཡོད། ད་དུང་ནང་མི་གསུམ་ལ་ལུག་15བགོས་ཡོད།

    “ཏང་དང་། སྲིད་གཞུང་། མཉམ་ལས་ཁང་བཅས་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱེད་རྣམ་པའི་བཀའ་དྲིན་ལས་ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་སོང”ཞེས་སྐལ་བཟང་གིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།