དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ང་ཚོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་གོ་སྐབས་ དེ་བས་མང་བ་ཐོབ་རྒྱུ་རེད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཡུས་ཡང་།   |     སྤེལ་དུས།  2024-02-28

    ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ས་ཐ་ཧྲི་ཀན་གྲོང་ཁྱེར་ལྟེ་གནས་ཀྱི་གྲོང་གསར་དུ་ཆེས་མངོན་གསལ་དོད་པའི་ཐོག་བརྩེགས་ཁང་ཆེན་གསུམ་ཡོད་པ་ནི་ཀྲུང་གོ་ཧྲང་ཧའེ་འཛུགས་སྐྲུན་བཟོ་ལས་ཚོགས་པས་སྐྲུན་འགན་འཁུར་བའི་ཨ་ལུའོ་ཁ་དངུལ་ཁང་དང་། ཨ་ས་ཁ་དངུལ་ཁང་། བཟོ་ལས་འཛུགས་སྐྲུན་དངུལ་ཁང་བཅས་ཀྱི་སྤྱི་ཁྱབ་པུའི་གཞུང་ལས་ཐོག་ཁང་རེད། དངུལ་ཁང་གི་ཐོག་བརྩེགས་ཁང་ཆེན་གསུམ་ཚང་མ་ཆེས་མཐོ་བའི་སྐྲུན་དངོས་ཁོངས་སུ་གཏོགས་པ་དང་། དེའི་ཁྲོད་ནས་ཐོག་བརྩེགས་ཁང་ཆེན་གཉིས་བསྐྲུན་ཟིན་པ་དང་། ཐོག་བརྩེགས་ཁང་ཆེན་གཞན་ཞིག་ཀྱང་འདི་ལོའི་ཟླ་གསུམ་པར་ལས་མཇུག་སྒྲིལ་རྒྱུ་དང་ཚང་མ་བསྐྲུན་ཟིན་རྗེས་ཐ་ཧྲི་ཀན་གྲོང་ཁྱེར་གྱི་གནས་རྟགས་གསར་པ་ཞིག་ཏུ་འགྱུར་རྒྱུ་རེད། དེ་ནི་ཧྲང་ཧའེ་འཛུགས་སྐྲུན་བཟོ་ལས་ཚོགས་པས་ཨུ་ཟ་བྷེ་ཁི་སི་ཐན་དུ་སྐྲུན་འགན་འཁུར་བའི་རྣམ་གྲངས་དང་པོ་དེ་ཡིན་ལ། ཨུ་ཟ་བྷེ་ཁི་སི་ཐན་གྱིས་ཉེ་བའི་ལོ་བཅུའི་ནང་བསྐྲུན་པའི་ཆེས་མཐོ་བའི་སྐྲུན་དངོས་ཁག་དང་པོ་དེའང་རེད།

    “ཧྲང་ཧའེ་འཛུགས་སྐྲུན་བཟོ་ལས་ཚོགས་པར་གནས་རྟགས་རང་བཞིན་གྱི་སྐྲུན་དངོས་གསུམ་སྐྲུན་འགན་སྤྲད་པ་དེ་ཐོག་ནས་ཨུ་ཟ་བྷེ་ཁི་སི་ཐན་གྱིས་ཀྲུང་གོའི་ཁེ་ལས་ལ་ཁས་ལེན་དང་ཡིད་ཆེས་བྱེད་པ་གང་ལེགས་མཚོན་ཡོད”ཨུ་ཟ་བྷེ་ཁི་སི་ཐན་དུ་བཅའ་སྡོད་ཧྲང་ཧའེ་འཛུགས་སྐྲུན་བཟོ་ལས་ཚོགས་པའི་འཐུས་མི་ཁྲུའི་སྤྱི་ཁྱབ་ཅིང་ལི་ཕང་ཧྲེང་ཅན་གྱིས། ཐོག་བརྩེགས་ཁང་ཆེན་གསུམ་གྱི་མཐོ་ཚད་ལ་སྨི་159དང་། སྨི་142 སྨི་135བཅས་སོ་སོར་ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་བསྡོམས་འབོར་སྨི་ངོས་གྲུ་ཁྲི་22ཙམ་ཟིན་ཡོད་ཅེས་བརྗོད།

    “འཛུགས་སྐྲུན་བྱེད་རིང་ང་ཚོས་ཀྲུང་གོའི་ཚད་གཞི་དང་། ཀྲུང་གོའི་ལག་རྩལ། ཀྲུང་གོའི་སྒྲིག་ཆས་བཅས་སྤྱད་ཡོད། འཛུགས་སྐྲུན་ཨར་ལས་ལ་མཁོ་བའི་དམིགས་བསལ་གྱི་ཨར་འདམ་གནད་དོན་ཐག་གཅོད་བྱ་ཆེད། ཧྲང་ཧའེ་འཛུགས་སྐྲུན་བཟོ་ལས་ཚོགས་པས་ས་གནས་དེ་གའི་ཨར་འདམ་མཁོ་སྤྲོད་ཚོང་པ་དང་མཉམ་འབྲེལ་ཚོད་ལྟ་བྱས་ནས་ཀྲུང་གོའི་ལག་རྩལ་དང་ས་གནས་དེ་གའི་བཟོ་རྩལ་ཟུང་འབྲེལ་བྱས་ཏེ་བླང་བྱ་དང་མཐུན་པའི་ཨར་འདམ་ཆེད་མངགས་ཞིབ་བཟོ་བྱས་ཡོད” ཕང་ཧྲེང་ཅན་གྱིས། ཀྲུང་གོའི་ཚད་གཞི་དང་ཀྲུང་གོའི་ལག་རྩལ་བེད་སྤྱོད་བྱས་པ་དེས་ཚད་ངེས་ཅན་ཞིག་གི་ཐོག་ནས་ཨུ་ཟ་བྷེ་ཁི་སི་ཐན་གྱི་འཛུགས་སྐྲུན་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད། “འཛུགས་སྐྲུན་བྱེད་རིང་རྣམ་གྲངས་ཀྱིས་ད་དུང་ས་གནས་དེ་གར་ལས་གནས་སྟོང་ཕྲག་མཁོ་འདོན་བྱས་པ་མ་ཟད། ས་གནས་དེ་གའི་ལས་གྲྭ་འཛུགས་སྐྲུན་དོ་དམ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རོགས་ཀྱང་བྱས་ཡོད”ཅེས་བརྗོད།

    རྣམ་གྲངས་ཀྱི་འཕྲུལ་གློག་པུའི་ལས་མི་དབྱི་པ་ཏུའོ་ཕུའུ·ཁ་ཧ་ལ་མོང་རྣམ་གྲངས་ལས་འགོ་འཛུགས་སྐབས་འཛུགས་སྐྲུན་ཚོགས་པའི་ནང་ཞུགས་པ་རེད། འདས་ཟིན་པའི་ལོ་4ལྷག་ཙམ་ནང་ཁོང་གིས་ལས་ཡུལ་དང་ཁང་བདག་དབར་ཡར་རྒྱུག་མར་རྒྱུག་བྱས་པ་དང་། ཐོག་བརྩེགས་ཁང་ཆེན་གསུམ་པོ་བསྐྲུན་ཟིན་པ་མཐོང་སྐབས་སེམས་ནང་མྱོང་ཚོར་ཟབ་མོ་བྱུང་ཡོད། “ཀྲུང་གོའི་ཁེ་ལས་ཀྱི་ལས་ཕྱོད་དང་ལས་བཀུར་གྱི་སྙིང་སྟོབས་ལ་མི་རྣམས་ཡིད་སྨོན་སྐྱེ་འོས་པ་ཞིག་འདུག ཏོག་གསར་རིམས་ནད་ཐོན་རིང་ཀྲུང་གོའི་ཁེ་ལས་ཀྱིས་སྔར་བཞིན་སྤུས་ཚད་འགན་ལེན་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། ང་ཚོའི་རྒྱལ་ཁབ་ལ་སྐྲུན་དངོས་མཐོ་པོ་དེ་འདྲ་གཏན་ནས་མེད། རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་ཐུབ་པར་ང་སྤོབས་པ་ཧ་ཅང་ཆེན་པོ་སྐྱེ་གི་འདུག ཐ་ཧྲི་ཀན་གྲོང་གསར་ལས་ང་ཚོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་གོ་སྐབས་དེ་བས་མང་བ་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་ཁ་ཧ་ལ་མོང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།