སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ།
མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ལག་གདང་སྦྲེལ་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད།
མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་གལ་ཆེན་ཞིག་ཡིན། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པའི་སྐར་ཁུང་ལྟ་བུའི་གཞི་རིམ་ནི་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་འགག་རྩ་ཞིག་རེད། གཞི་རིམ་གྱི་ཞི་མཐུན་བརྟན་ལྷིང་གིས་སྤྱི་ཚོགས་ཧྲིལ་པོ་བརྟན་ལྷིང་ཡོང་བར་རྨང་གཞིའི་རང་བཞིན་གྱི་ནུས་པ་ཐོན་གྱི་ཡོད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གདོང་དཀར་སྡེ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་ལས་དོན་དེ་ཏང་འཛུགས་སྐྱོང་གི་ལས་དོན་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། བསམ་པའི་དཔལ་ཡོན་སྲོལ་གཏོད་བཅས་དང་ཟུང་འབྲེལ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ནམ་ཡང་བཞད་པར་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད།
གདོང་དཀར་སྡེ་ཁུལ་ནི་2020ལོར་དངོས་སུ་སྒོ་བྱང་བཀལ་བ་ཞིག་ཡིན་ཏེ། ལྷ་གོང་གཞུང་ལམ་རྒྱུད་དུ་གནས་པ་དང་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་9ལས་མེད་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་མཚམས་ཤིག་རེད། ད་ཆ་སྡེ་ཁུལ་དུ་གྲོང་མི་དུད་ཚང་619དང་། མི་འབོར་1771 ཕྱོགས་མི་ཁྲི་3.5ལྷག་ཙམ་བཅས་ཡོད་པའི་ནང་རྒྱ་རིགས་དང་། བོད་རིགས། ཧུད་རིགས། དབྱི་རིགས། མོན་པ་རིགས། ལྷོ་པ་རིགས། སོག་རིགས་སོགས་མི་རིགས་14ཡོད། སྡེ་ཁུལ་གྱིས་རྟག་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་གྲོང་མི་དང་དེ་བཞིན་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་འཐུས་མི་སྒྲིག་འཛུགས་བྱས་ནས་དགའ་སྤྲོ་མཉམ་འཛོམས་ཀྱིས་ཕན་ཚུན་སྤེལ་རེས་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བ་དང་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་གླེང་བཞིན་མཆིས།
གདོང་དཀར་སྡེ་ཁུལ་གྱི་ཚོགས་ཆུང་དང་པོའི་ཝང་ཏེང་ཀུའེ་དང་ཁོང་གི་བཟའ་ཟླ་ཆུང་བདག་གི་ཁྱིམ་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁྱིམ་ཚང་ཞིག་ཡིན། ཝང་ཏེང་ཀུའེ་ནི་སི་ཁྲོན་ནས་ཡིན་པ་དང་ལྷ་སར་ལས་ཀ་བྱེད་སྐབས་ཆུང་བདག་ངོ་ཤེས་ནས་གཉེན་སྒྲིག་བྱས། ཐོག་མར་ཁོང་གཉིས་ཀྱི་འཚོ་བ་དེ་ཙམ་ཕྱུག་པོ་མེད་པ་དང་ཁང་པ་གླས་ནས་སྡོད་དགོས་བྱུང་ཡོད། ཁྱིམ་ཚང་གི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། ཝང་ཏེང་ཀུའེ་ཡིས་ལོ་ལྟར་ཨར་ལས་བྱེད་པ་དང་བཟའ་ཟླས་ཁྱིམ་དུ་ཕྲུ་གུ་གཉིས་ལ་ལྟ་རྟོག་བྱས་པས་འཚོ་བ་རིམ་གྱིས་ཇེ་ལེགས་སུ་ཕྱིན་ཡོད། ད་ཆ་ཁྱིམ་ཚང་ལ་ལྟ་རྟོག་ཐུབ་ཆེད་ཚོགས་ཆུང་གིས་ཆེད་མངགས་ཝང་ཏེང་ཀུའེ་ལ་ལས་རེས་ཁང་གི་ལས་གནས་བཀོད་སྒྲིག་བྱས་ཡོད། འཚོ་བའི་ནང་ཝང་ཏེང་ཀུའེ་ཡི་ནང་མིས་ལྷག་བསམ་དང་། སེམས་བཟང་། བསྟུན་མཁས། སྲི་ཞུ་བཅས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས“ཁྱིམ་ཚང་འཆམ་མཐུན་བྱུང་ན་བྱ་བ་ཐམས་ཅད་དར་ཞིང་རྒྱས”ཞེས་པའི་སྙིང་དོན་ཟབ་མོ་མཚོན་པར་བྱས་ཡོད།
ཀན་སུའུ་ནས་ཡིན་པའི་ཧུད་རིགས་ཚོང་པ་མཱ་ཞུའེ་ཝུན་གྱིས་གདོང་དཀར་སྡེ་ཁུལ་དུ་ཟ་ཁང་བཙུགས་ནས་ལོ་དྲུག་སོང་ཞིང་། ཁོང་གི་ཟ་ཁང་ནང་ཡོང་མཁན་མང་ཆེ་བ་ནི་གདོང་དཀར་སྡེ་ཁུལ་གྱི་གྲོང་མི་ཡིན། ཟ་ཁང་བཙུགས་ཚུན་གདོང་དཀར་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ལས་དོན་པ་རྒྱུན་དུ་ཟ་ཁང་དུ་ཡོང་ནས་ཚོང་ཇི་འདྲ་ཡོད་མེད་སྐོར་འདྲི་བ་དང་། དཀའ་ངལ་དངོས་ཤེས་རྟོགས་བྱས་པར་བརྟེན་མཱ་ཞུའེ་ཝུན་ལ་སེམས་འགུལ་ཆེན་པོ་ཐེབས་པ་མ་ཟད། ཟ་ཁང་མུ་མཐུད་གཉེར་རྒྱུའི་ཡིད་ཆེས་ཀྱང་སྔར་བས་བརྟན་དུ་ཕྱིན་ཡོད། མཱ་ཞུའེ་ཝུན་གྱིས་གསར་འགོད་པར་ཟ་ཁང་ནང་ཡོང་མཁན་མང་པོ་ཡོད། ཁོང་དང་ཞབས་ཞུ་བ་ཉེ་འགྲམ་གྱི་ཚོང་པ་དང་གྲོང་མི་དང་འཆམ་པོ་ཡོད་པར་བརྟེན་ཟ་ཁང་དུ་ཡོང་མཁན་དེ་བས་མང་དུ་ཕྱིན་པ་དང་ཚོང་སྔོན་མ་ལས་ཡག་ཏུ་ཕྱིན་ཏེ། ལོ་ལྟར་ཡོང་འབབ་སྒོར་ཁྲི་30ཙམ་ཟིན་གྱི་འདུག་ཅེས་བཤད། “ངས་སྡེ་ཁུལ་དུ་ཚོང་བརྒྱབ་ནས་ལོ་མང་སོང་བས་འདི་གའི་འཚོ་བ་སྔ་ས་ནས་གོམས་འདུག སྡེ་ཁུལ་གྱིས་རྒྱུན་དུ་ཚོང་ལས་སྐོར་གྱི་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་། ལྷག་པར་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱས་པས་ལས་བྱེད་པ་དང་མང་ཚོགས་དབར‘སེམས་འབྲེལ་ཟམ་པ’བཙུགས་ཡོད། ང་ཚོ་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་རོགས་རེས་དང་། གུས་ཞབས། གཅེས་སྐྱོང་བཅས་བྱས་ནས་ཧ་ཅང་འཆམ་པོ་ཡོད”ཅེས་མཱ་ཞུའེ་ཝུན་གྱིས་བཤད།
མིག་སྔར་གདོང་དཀར་སྡེ་ཁུལ་དུ་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། གྲོང་མི་ཧུར་ཐག་ཞུགས་པ། མི་རིགས་ཁག་དབར་མཐུན་སྒྲིལ་མཛའ་བརྩེ་དང་། ཕན་ཚུན་རོགས་རམ། ཐུན་མོང་ཐོག་ཡར་ཐོན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། ཉེ་བའི་ལོ་ཤས་རིང་། རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། དམངས་འཚོའི་གནད་དོན་ཐག་གཅོད། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་བྱས་པ་བརྒྱུད་བསྒར་རེས་རྣམ་པའི་སྡེ་ཁུལ་གྱི་ཁོར་ཡུག་ཧུར་ཐག་བཏོད་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་དང་། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཕྱོགས་གང་ས་ཅི་ཐད་ལ་སྐུལ་འདེད་བཏང་བ་དང་། མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཐུབ་ནས་གྲོང་མིར་བདེ་སྣང་དང་། ཕྱོགས་མི་རྣམས་ཀྱི་བློ་སེམས་བདེ་བ། མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་ལྡན་པ་བཅས་བྱས་ཡོད། སྡེ་ཁུལ་ལ་སྔ་རྗེས་སུ“བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”དང་། “ཁག་དང་པོའི་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གྲོང་ཚོ(སྡེ་ཁུལ)” “སྟོད་ལུང་བདེ་ཆེན་ཆུས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གྲོང་ཚོ(སྡེ་ཁུལ)”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།