རྒྱལ་མཚན་གྱིས་བརྗོད་དོན།
“མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་བར་སྐར་ཆ་གཅིག་ཀྱང་ནར་འགྱངས་བྱེད་མི་རུང”
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གཅིག་སྒྲིལ་རྫོང་དུ་ན་ནིང་དགུན་ཁ་ཤར་ཚུན་གྱི་གངས་ཐེངས་དྲུག་པ་བབས། སྔོ་བསངས་ནམ་མཁའ་དང་གངས་རིའི་ཁྲོད་དུ་གྲང་རླུང་འུར་འུར་དུ་ལྡངས་ཀྱང་རྒྱལ་མཚན་རྟ་བཞོན་ནས་རི་སྐོར་བྱེད་འགོ་ཚུགས། ཕྱིར་མིག་ལྟ་སྐབས། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཐོག་ནོར་ལུག་ཁྱུ་དང་ཁྱུ་ཅི་དགར་རོལ་བཞིན་མཆིས། ཉིན་དང་ཉིན་བསྟུད་མར་རྩྭ་རྩི་ཤིང་སྲུང་སྐྱོང་བྱེད་པ་ནི་ཁོང་གི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་ཡིན།
རྒྱལ་མཚན་ནི་ལུང་ཤུར་དེའི་དུད་ཚང་10ལྷག་ཙམ་གྱིས་བདམས་པའི་སྣེ་ཁྲིད་པ་ཡིན་ཞིང་། ཁོང་ནི་དྲུག་ཆེན་སུམ་མདོ་གྲོང་རྡལ་ཉིན་ཡོས་གྲོང་ཚོའི“དུད་ཚང་བཅུའི་སྤྱི་མི”ཡིན། རི་མཐོ་གཡང་གཟར་དང་། རྩྭ་ཐང་རྒྱ་ཆེ་བ། འབྲོག་ཁུལ་ཁ་ཐོར་བཅས་ནི་གཅིག་སྒྲིལ་རྫོང་གི་གྲོང་ཚོ་ཁག་གི་ཡོངས་ཁྱབ་ཀྱི་གནས་ཚུལ་ཞིག་རེད།
ཤང་དང་གྲོང་ཚོའི་བར་ཐག་རིང་བ་དང་དུད་ཚང་དང་དུད་ཚང་གི་བར་ཐག་ཀྱང་རིང་། འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་འདུམ་འགྲིག་དང་དཀའ་ངལ་དངོས་ཐག་གཅོད་བྱས་ནས་འབྲོག་པ་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་སྔར་བས་ཡག་པོ་སྒྲུབ་ཆེད། 2015ལོ་ནས་བཟུང་། གཅིག་སྒྲིལ་རྫོང་གི་སྒྲིག་གཞི་ཚང་བའི་གྲོང་ཚོ་22ཀྱིས་ཐག་ཉེ་སར་ཡུག་སྦྲེལ་དང་ལས་ཀ་སྟབས་བདེ་བའི་རྩ་དོན་ལྟར་གནས་སྡོད་དུད་ཚང་གི་གྲངས་འབོར་ལ་གཞིགས་ནས་དུད་ཚང་དང་ཁུལ་དབྱེ་བ་མ་ཟད། དུད་ཚང་བཅུའི་ཁྲོད་ནས་གྲོང་མི་ཚོས་སྙན་གྲགས་ཆེ་ཙམ་གྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ཏང་ཡོན་སོགས“དུད་ཚང་སྤྱི་མིར”བདམས་ཡོད།
གསར་འགོད་པས་རྒྱལ་མཚན་མཐོང་སྐབས་ཁོང་རི་སྐོར་ནས་ལོག་མ་ཐག་རེད་འདུག ཉི་ཟེར་ཁྲོད་ངོ་གདོང་མུག་པོ་ཆགས་པའི་ཁོང་གིས་དམའ་རིམ་སློབ་འབྲིང་དུ་སྐྱོད་མཁན་བུར་རྟ་འཁྲིད་དུ་བཅུག་པ་དང་རང་ཉིད་ཀྱིས་གསར་འགོད་པ་ཁྲིད་དེ་མདུན་ཕྱོགས་ཀྱི་རི་སྟེང་དུ་བསྐྱོད།
དེ་གར་ས་བབ་མཐོ་ཚད་སྨི་3700ལྷག་ཙམ་ཟིན་གྱི་ཡོད་པས་གསར་འགོད་པ་དབུགས་ཧལ་བ་མཐོང་སྐབས། རྒྱལ་མཚན་གྱིས་གོམ་པ་དལ་དུ་བཏང་ནས་རྒྱང་རིང་ལ་མཛུབ་མོ་བཙུགས་ཏེ“ངས་ད་དུང་སྐྱེ་ཁམས་དོ་དམ་པའི་འགན་འཁུར་གྱི་ཡོད། སྐོར་ཞིབ་བྱེད་པའི་རྩྭ་ཐང་གི་རྒྱ་ཁྱོན་ནི་གྲོག་རོང་དེ་ནས་འགོ་བཙུགས་ཏེ་རི་ཕ་གིའི་བར་ཡིན”ཞེས་བརྗོད་བྱུང་། ཉིན་ལྟར་རྒྱལ་མཚན་གྱིས་ལུང་ཤུར་ནང་གི་དུད་ཚང་10ཡི་རྩྭ་རར་སྐོར་གཡེང་བྱེད་དགོས་ཀྱི་ཡོད། མེ་ཟོན་ཕུད་ད་དུང་ས་ཁོངས་ནང་གི་སྐྱེ་དངོས་ལ་ལྟ་ཞིབ་དང་ཐོ་འགོད་དགོས་པ་མ་ཟད། རྩྭ་ཐང་བྱེ་འགྱུར་གྱི་གནས་ཚུལ་སོགས་ཐོ་འགོད་དང་ཐག་གཅོད་བྱེད་དགོས་ཀྱི་ཡོད།
“མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་སྒྲུབ་པར་འགན་སེམས་ཡོད་དགོས་པ་མ་ཟད། ཆེད་ལས་ཀྱི་ཤེས་བྱ་ངེས་ཅན་ཁོང་དུ་ཆུད་དགོས་ལ། ས་གནས་ཀྱི་གནས་ཚུལ་སྣ་ཚོགས་ཀྱང་རྒྱུས་མངའ་ལོན་པར་བྱེད་དགོས”ཅེས་སོག་རུ་ཡུལ་ཚོ་ཤང་སོག་རུ་གྲོང་ཚོའི“དུད་ཚང་བཅུའི་སྤྱི་མི”ཆོས་གྲུབ་ཀྱིས་བཤད། མི་རིང་བའི་གོང་། ཁོང་གིས་སྦག་སྦག་བཏང་ནས་རི་སྐོར་བྱེད་སྐབས་སྐྲུན་བཞིན་པའི་གྲོང་གསེབ་ཀྱི་ལམ་བུ་རྡིབ་པ་མཐོང་། “དེ་གར་ཉེན་བརྡའི་བྱང་བུ་མེད་ལ། འགོག་སྲུང་བྱ་ཐབས་ཀྱང་མེད་པས་མི་དང་རླངས་འཁོར་ལྷུང་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་ཡོད” ཁོང་གིས་གནས་ཚུལ་དེ་མགྱོགས་མྱུར་ཨར་ལས་ཚན་པར་བཤད་ནས་འགྲིམ་འགྲུལ་ལས་འཛོལ་མི་ཐོན་སྔོན་འགོག་བྱས།
ན་ནིང་འབྲོག་པ་བཀྲ་ཤིས་དང་ཁྱིམ་མཚེས་རྟ་མགྲིན་གཉིས་དབར་རྩྭ་ཐང་གི་དབྱེ་མཚམས་ཐད་ཁ་རྩོད་ཤོར། ཆོས་གྲུབ་ཀྱིས་ཁྱིམ་ཚང་གཉིས་ལ་ཁ་ཏ་བསླབ་བྱ་བྱས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་བྱས་ཏེ་གནས་ཚུལ་ལ་བརྟག་དཔྱད་བྱས། མཐར་བཅའ་ཁྲིམས་དང་སྲིད་ཇུས་ལ་གཞིགས་ནས་དུས་ཐོག་ཏུ་འདུམ་འགྲིག་བྱས་ཡོད། གནས་ཚུལ་དེ་བརྒྱུད་ཆོས་གྲུབ་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཆེད་ལས་ཤེས་བྱ་སྦྱངས་འགོ་ཚུགས་པ་མ་ཟད། རྫོང་གིས་ལོ་ལྟར“དུད་ཚང་བཅུའི་སྤྱི་མིའི”གསོ་སྦྱོང་ཐེངས་གཉིས་ནས་གསུམ་བར་བྱེད་ཀྱི་ཡོད།
“ད་ཆ་འབྲོག་པར་ཛ་དྲག་གི་གནས་ཚུལ་དང་དཀའ་གནད་འཕྲད་སྐབས‘དུད་ཚང་བཅུའི་སྤྱི་མི’འཚོལ་གྱི་ཡོད། ཁོང་ཚོས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ནུས་པ་ཆེན་པོ་བཏོན་ཡོད”ཅེས་སྐལ་བཟང་དོན་གྲུབ་ཀྱིས་བཤད།
ཆོས་གྲུབ་ཀྱིས་གསར་འགོད་པར་ཁོང་གིས་རྟག་ཏུ་འབྲོག་པའི་ཁྱིམ་ཚང་དུ་བསྐྱོད་དེ་འགལ་ཟླ་དང་རྩོད་གཞི་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་དང་རིམ་ཁག་ལས་བྱེད་པར་གཞོགས་འདེགས་བྱས་ནས་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་ཀྱི་ཡོད། ཐེངས་ཤིག་ཆོས་གྲུབ་ཀྱིས་འགན་གཙང་བླངས་པའི་གྲོང་མི་ཀྲང་ཧུའུ་ཧྲེང་གློ་བུར་དུ་འགྱེལ་བ་དང་། ཁ་པར་འབྱོར་རྗེས་ཁོང་གིས་ཀྲང་ཧུའུ་ཧྲེང་རླངས་འཁོར་ནང་བླུགས་ནས་རྫོང་གྲོང་ཕྱོགས་སུ་བསྐྱོད།
མཚན་མོ་ཁ་བ་བབས་ནས་ཀྱག་ཀྱོག་གི་རི་ལམ་བགྲོད་དཀའ་ཡང་ཆོས་གྲུབ་ཀྱིས་གྲོང་མི་ཀྲང་ཧུའུ་ཧྲེང་སྤྱི་ལེ་50ཡི་སར་ཡོད་པའི་རྫོང་གྲོང་སྨན་ཁང་དུ་བསྐྱལ། “སྨན་པས་ཁོང་ལ་ལམ་སེང་བསྐྱལ་བ་མ་གཏོགས་ཕྱི་དྲགས་ན་སྲོག་ལ་ཉེན་ཁ་ཡོད”ཅེས་བརྗོད་སྐབས་ཁོང་གིས“མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་བར་སྐར་ཆ་གཅིག་ཀྱང་ནར་འགྱངས་བྱེད་མི་རུང”ཞེས་བཤད།