དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་རྒྱལ་སྒྲོལ་ཡུལ་སྐོར་གྱིས་འཛམ་གླིང་གི་དཔལ་འབྱོར་སླར་གསོར་སྒུལ་ཤུགས་བསྣན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-24

    འདི་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཀྲུང་གོའི་ཡུལ་སྐོར་བ་ཕྱི་རྒྱལ་དུ་ཡུལ་སྐོར་ལ་སྐྱོད་པའི་ཚ་རླབས་ཤིག་འཕྱུར་ཞིང་། ཀྲུང་གོ་རིག་གནས་དང་ཡུལ་སྐོར་པུའི་གྲངས་གཞི་ལྟེ་གནས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཀྲུང་གོའི་རྒྱལ་སྒྲོལ་ཡུལ་སྐོར་བ་མི་ཐེངས་ཁྲི་360ཙམ་ཟིན་ཡོད་པ་རེད། རྒྱལ་ཁབ་མང་པོའི་མི་སྣས་ཀྲུང་གོའི་རྒྱལ་སྒྲོལ་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་ནས་རྒྱལ་སྤྱིའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་མ་ཟད། འཛམ་གླིང་གི་དཔལ་འབྱོར་སླར་གསོར་སྒུལ་ཤུགས་བསྣན་ཡོད་ཅེས་བཤད་པ་རེད།

    “ད་ཆ་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་བདེ་པོ་འདུག”

    ལུགས་རྙིང་ལོའི་ལོ་གསར་ཚེས་2ཉིན། ཐེ་ལན་གྱི་པང་ཁོག་ཉོ་སྒྲུབ་ལྟེ་གནས་ཀྱི་ཤན་ལུའོ་ཐང་ཆེན་དུ་ཡུལ་སྐོར་བས་ཁེངས་ཤིང་། ཧྲང་ཧའེ་ཡི་ཡུལ་སྐོར་བ་ཞའོ་ལན་གྱིས། ན་ནིང་ཟླ་དགུ་པར་ཐེ་ལན་གྱིས་ཀྲུང་གོའི་ཡུལ་སྐོར་བར་དུས་ཡུན་ཟླ་བ་ལྔ་ཙམ་གྱི་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་རྗེས་ཐེ་ལན་དུ་ཡུལ་སྐོར་དུ་ཡོང་མཁན་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། “ཉིན་ཤས་རྗེས་ང་ད་དུང་མ་ལེ་ཞི་ཡར་ཡུལ་སྐོར་དུ་འགྲོ་རྩིས་ཡོད། ད་ཆ་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་ཧ་ཅང་བདེ་པོ་འདུག”ཅེས་བཤད།

    ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་ཡུལ་སྐོར་ལ་ཡོང་བའི་ཡིད་དབང་འགུག་ཆེད། ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་གཅིག་གིས་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་སྔ་རྗེས་སུ་བཏོན་ཡོད། 2023ལོའི་ཟླ་12ཚེས་1ཉིན་ནས་བཟུང་མ་ལེ་ཞི་ཡས་ཀྲུང་གོའི་སྤྱི་དམངས་རྒྱལ་ཁོངས་ནང་ཡོང་བའི་ཉིན་30ཡི་ནང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྟབས་བདེའི་བྱེད་ཐབས་ལག་ལེན་བསྟར་ཡོད། འདི་ལོའི་ཟླ་1ཚེས་28ཉིན་ཀྲུང་ཐེ་རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱལ་སྒྲོལ་ལམ་ཡིག་དཀྱུས་མ་ཡོད་མཁན་ལ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་གྲོས་ཆོད་ལ་མིང་རྟགས་བཀོད་པ་དང་ཟླ་3ཚེས་1ཉིན་དངོས་སུ་གོ་ཆོད་རྒྱུ་རེད། ཟླ་2ཚེས་9ཉིན་ཀྲུང་གོ་དང་སིང་ཀ་ཕོའི་དབར་རྒྱལ་སྒྲོལ་ལམ་ཡིག་དཀྱུས་མ་ཡོད་མཁན་ལ་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྐོར་གྱི་གྲོས་ཆོད་དངོས་སུ་གོ་ཆོད་པ་རེད། གྲོས་ཆོད་ཀྱི་ནུས་པ་ཐོན་པའི་ཉིན་དང་པོར་ཀྲུང་གོའི་ཡུལ་སྐོར་བ་མི་ཉུང་བ་ཞིག་སིང་ཀ་ཕོར་དུ་ཡོང་ནས་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱི་སྟབས་བདེ་ཉམས་ལེན་བྱས་ཡོད། དཔྱིད་གསར་དུས་ཆེན་རིང་སིང་ཀ་ཕོར་གྱི་གནས་རྟགས་མཚོ་འགྲམ་མཚོ་ཁུག་མེ་ཏོག་ལྡུམ་རས་ཁྱད་ཆོས་ལྡན་པའི་མེ་ཏོག་གློག་སྒྲོན་ཆེད་མངགས་བཏོན་པས་ཀྲུང་གོའི་ཡུལ་སྐོར་བ་མང་པོ་ཞིག་དེ་གར་ཡུལ་སྐོར་བྱེད་པར་ཡོང་ཡོད།

    ཟླ་དང་པོའི་ཟླ་དཀྱིལ་དུ་ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་ཕྱོགས་རྐྱང་པར་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་ཐོབ་ཐང་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། སུའེ་ཙེར་ཕྱོགས་ཀྱིས་ཀྱང་ཀྲུང་གོའི་སྤྱི་དམངས་དང་སུའེ་ཙེར་དུ་མ་འཇོག་བྱེད་མཁན་ཀྲུང་གོའི་ཁེ་ལས་ལ་རྒྱལ་སྒྲོལ་ཐོངས་མཆན་ཐད་སྟབས་བདེ་དེ་བས་མང་བ་སྤྲད་ཡོད། སུའེ་ཙེར་གྱི་ཏཱ་ཝོ་སིའི་གངས་ཤུད་སློབ་གྲྭ་ཞིག་གི་རྩལ་ཁྲིད་པ་ཧན་ནཱ་ཡིས། ལོ་ལྟར་ཏཱ་ཝོ་སིར་གངས་ཤུད་ལ་དགའ་པོ་བྱེད་མཁན་ཀྲུང་གོ་བ་མི་ཉུང་བ་ཞིག་ཡོང་གི་ཡོད། “གངས་ཤུད་ལ་དགའ་པོ་བྱེད་མཁན་གྱི་ཀྲུང་གོ་བ་ཚོ་མཛའ་བརྩེ་ལྡན་ལ་སེམས་པ་བཟང་བ་མ་ཟད། གངས་ཤུད་གློད་རྒྱུར་ཡང་ཧ་ཅང་དགའ་པོ་འདུག” ད་ཆ་རྒྱལ་ཁབ་གཉིས་པོའི་དབར་འགྲོ་འོང་སྔར་བས་སྟབས་བདེ་རུ་ཕྱིན་པས་ང་རང་ཡང་ཀྲུང་གོའི་གངས་ཤུད་ར་བར་ཉམས་ལེན་བྱེད་པར་འགྲོ་རྩིས་ཡོད་ཅེས་བཤད།

    “ཀྲུང་གོའི་དཔལ་འབྱོར་ལ་གསོན་ཤུགས་ཀྱིས་ཁེངས་པའི་ར་སྤྲོད་བྱས་པ”

    ཉེ་ཆར་ཁྱབ་བསྒྲགས་བྱས་པའི《འཛམ་གླིང་ཡུལ་སྐོར་ཉོ་ཚོང་འདུ་ཚོགས་ཀྱི་གོ་ལ་ཧྲིལ་པོའི་སྙན་ཞུའི》ནང་སྔོན་དཔག་བྱས་པར་གཞིགས་ན། 2024ལོ་ནས་2033ལོའི་བར་ཀྲུང་གོའི་རྒྱལ་སྒྲོལ་ཡུལ་སྐོར་གྱི་རིན་ཐང་131%འཕར་རྒྱུ་རེད།

    ཐེ་ལན་གྱི་ཙུང་ལིའི་གཞུང་དོན་ཁང་གི་མགྲིན་ཚབ་པ་ཚའེ·ཝ་ཁྲ་ལུང་གིས། ཐེ་ཀྲུང་དབར་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་གྲོས་ཆོད་དེ་ཟླ་3ཚེས་1ཉིན་གོ་ཆོད་རྗེས་སྔོན་དཔག་བྱས་ན་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བས་ཐེ་ལན་དེ་ཡུལ་སྐོར་དམིགས་སར་འདེམས་རྒྱུ་རེད། དེས་ཐེ་ལན་གྱི་ཡུལ་སྐོར་ལས་རིགས་འཕར་བར་སྔར་བས་སྐུལ་མ་ཐེབས་རྒྱུ་དང་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་དེ་བས་མང་བ་སྦྱིན་རྒྱུ་རེད་ཅེས་བཤད།

    ཨེ་ཅིབ་ཀྱི་ཡུལ་སྐོར་ལས་དོན་ཁང་ཞིག་གི་ཁྲོམ་ར་པུའི་ཅིང་ལི་དབྱི་ཕུའུ་ལ་ཤིན་གྱིས། ཀྲུང་གོའི་རྒྱལ་སྒྲོལ་ཡུལ་སྐོར་གྱིས་ཀུང་སིར་ཕན་པ་ཆེན་པོ་ཐོབ་བྱུང་། “ན་ནིང་གི་དུས་མཚུངས་དང་བསྡུར་ན་ང་ཚོས་ཟླ་1པོའི་ཟླ་སྨད་ནས་ཟླ་2པའི་ཟླ་སྟོད་བར་སྣེ་ལེན་ཞུས་པའི་ཀྲུང་གོའི་ཡུལ་སྐོར་བའི་གྲངས་འབོར་ལྡབ་4ཙམ་འཕར་ཡོད། ཡུལ་སྐོར་བའི་མི་གྲངས་མང་དུ་ཕྱིན་པས་ཀུང་སིའི་ལས་བཟོ་ཚང་མ་ཧ་ཅང་དགའ་པོ་བྱུང་སོང་”ཞེས་བཤད།

    སར་པི་ཡའི“རྒྱུད་གཅིག་ལམ་གཅིག”ཞིབ་འཇུག་སུའོ་ཡི་སུའོ་ཀྲང་པོ་དབྱང་·ལ་ལི་ཆི་ཡིས། 2017ལོར་སར་པི་ཡ་དང་ཀྲུང་གོའི་དབར་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་ཚུན། སར་པི་ཡར་ཡུལ་སྐོར་དུ་ཡོང་མཁན་ཀྲུང་གོའི་ཡུལ་སྐོར་བ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་སར་པི་ཡའི་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་མ་ཐེབས་ཡོད། “འདི་ལོའི་དཔྱིད་གསར་དུས་ཆེན་རིང་སར་པི་ཡའི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་སྤེལ་བས་ཀྲུང་གོའི་ཡུལ་སྐོར་བ་མང་པོ་ཞིག་དེ་གར་ཡོང་ཡོད” ཀྲུང་གོའི་རྒྱལ་སྒྲོལ་ཡུལ་སྐོར་གྱི་གཞི་ཁྱོན་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད། “ན་ནིང་ནས་བཟུང་ཀྲུང་གོའི་རྒྱལ་སྒྲོལ་ཡུལ་སྐོར་རྒྱུན་མཐུད་ངང་མང་དུ་སོང་བ་དེ་ནི་ཀྲུང་གོའི་དཔལ་འབྱོར་ལ་གསོན་ཤུགས་ཀྱིས་ཁེངས་པའི་ར་སྤྲོད་གསལ་པོ་བྱས་པ་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་ཡུལ་སྐོར་ལས་རིགས་དང་དཔལ་འབྱོར་སླར་གསོ་ཡོང་བར་སྒུལ་ཤུགས་བསྣན་པ་ཤིག་ཀྱང་ཡིན་པས་ང་ཚོས་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་དེ་གར་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།

    “མི་དམངས་ཕན་ཚུན་ཤེས་རྟོགས་དང་འཆམ་མཐུན་ཡོང་བར་སྐུལ་མ་ནུས་ལྡན་ཐེབས་པ”

    ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ཡུལ་སྐོར་བས་རྒྱལ་སྒྲོལ་ཡུལ་སྐོར་གྱི་བྱེད་སྟངས་དང་ཡུལ་སྐོར་གྱི་དགོས་མཁོ་དེ་བས་སྣ་མང་ཅན་དང་རང་གཤིས་ཅན་དུ་གྱུར་ནས་ཡུལ་སྐོར་བྱ་ཡུལ་གྱི་རང་བྱུང་ཁོར་ཡུག་དང་། མི་ཆོས་རིག་གནས་དང་ལོ་རྒྱུས། འཚོ་བ་སྐྱེལ་སྟངས་བཅས་ལ་ཉམས་ལེན་གཏིང་ཟབ་བྱེད་པར་དེ་བས་དོ་སྣང་བྱེད་ཀྱི་ཡོད།

    པེ་ཅིང་དུ་ལས་ཀ་བྱེད་མཁན་སྐུ་ཞབས་ལིའུ་ལགས་ཀྱིས་དཔྱིད་གསར་དུས་ཆེན་རིང་ཧྥ་རན་སེར་ཡུལ་སྐོར་དུ་བསྐྱོད་རྒྱུའི་གདམ་ག་བྱས་པ་དང་། གུང་གསེང་ཚང་མ་ཕ་རི་སིར་བསྡད་པ་རེད། “ངས་སའེ་ན་གཙང་པོའི་ངོགས་སུ་སྤྲོ་སྣང་མྱོང་རོལ་བྱེད་པ་དང་། ཧྥན་ཨེར་སའེ་ཕོ་བྲང་དང་རྒྱལ་ཁའི་སྒོ་མོའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་ཡིན”སྐུ་ཞབས་ལིའུ་ལགས་ཀྱིས་ད་ཐེངས་ཀྱི་ཡུལ་སྐོར་ལས་ང་ལ་ཀྲུང་ཧྥའི་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་བྱུང་བ་དེ་ནི་བརྗེད་པར་དཀའ་བའི་རིག་གནས་སྒྱུ་རྩལ་གྱི་ཡུལ་སྐོར་ཞིག་རེད་ཅེས་བཤད།

    ཀྲུང་གོའི་ཡུལ་སྐོར་བར་བསུ་བ་ཞུ་ཆེད་རྒྱལ་ཁབ་མང་པོའི་ཡུལ་སྐོར་ཅུས་ཀྱིས་ས་གནས་དེ་གའི་ཁྱད་ལྡན་དང་ཐོན་ཁུངས་སྔོག་འདོན་བྱས་ནས་ཀྲུང་གོའི་ཡུལ་སྐོར་བའི་དགོས་མཁོ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་རིག་གནས་ཀྱི་ཉམས་ལེན་རང་བཞིན་ཆེ་བའི་ཐོན་རྫས་བཏོད་ཡོད། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་པུའི་ཀྲུའུ་རེན་ཧོང་ཧའེ་གོ་ཡིས། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ཡུལ་སྐོར་བས་ཡུལ་སྐོར་ཉམས་ལེན་ལ་སྔར་བས་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོའི་ཡུལ་སྐོར་བས་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བའི་མཛེས་ལྗོངས་ཁུལ་དང་རིག་གནས་ལོ་རྒྱུས་ལ་འཚོལ་ཞིབ་བྱས་པས་ས་གནས་དེ་གའི་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཞོར་དུ་སྐུལ་འདེད་ཐེབས་ཡོད་ཅེས་བཤད།

    ཨུ་ཟ་བྷེ་ཁི་སི་ཐན་འཕེལ་རྒྱས་འཐབ་ཇུས་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་ཧྥར་ལུའུ་ཧོ·ཧ་ཅི་མོ་ཕུའུ་ཡིས། ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་བས་རང་སོ་སོའི་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་དགའ་ཞེན་ཆེན་པོ་བྱེད་ཀྱི་ཡོད། ཨུ་ཟ་བྷེ་ཁི་སི་ཐན་གྱི་དམངས་ཚོགས་དེ་བས་མང་བས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མིག་མཐོང་ལག་ཟིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པས། ཡུལ་སྐོར་དེ་ཉིད་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་ཅེས་བརྗོད།

    (འདི་ག་ཚགས་པར་ཁང་དུ་པེ་ཅིང་དང་། པང་ཁོག ཁེ་རོ། མ་ཏེ་རི། པེར་ལིན། ཕ་རི་སི། རོ་མ། ཨ་སི་ཐ་ན་བཅས་ནས་ཟླ་2ཚེས་20ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།