དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་བཀོད་གཏོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-24

    ཡན་ཅིན་ཧའེ་ཚོཌ་འདུར་ཞུཌ་པ་དང་ཁྲེན་ཡུང་ཆི་ཡིས་གཙོ་སྐྱོང་གནང་བ།

    ཚེས་22ཉིན། རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་བཀོད་གཏོང་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྔོན་གཏན་འཁེལ་བའི་བཀོད་སྒྲིག་བླང་བྱ་ལྟར་གདེང་ཚོད་བརྟན་གཏོང་དང་། གསར་འབྱེད་ཡར་བརྩོན། དོན་འཁྱོལ་ལ་དམ་འཛིན། ཕན་འབྲས་དངོས་བརྩོན་ལེན་བཅས་བྱས་ཏེ་དུས་ཚིགས་དང་པོར་ནུས་ཤུགས་ཡོད་རྒུས་འབད་འཐབ་ཀྱིས“འགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་པའི”རྣམ་པ་བཟང་པོར་བརྟེན་ནས“ལོ་ཧྲིལ་པོར་གྲུབ་འབྲས་ཐོབ་པར”ཁྲིད་སྟོན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་གསུངས་དོན། འདི་ལོ་ནས་བཟུང་། རང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོད་པ་དང་ན་ནིང་གི་འཕེལ་ཕྱོགས་བཟང་པོ་རྒྱུན་མཐུད་ཐུབ་ཡོད། དེ་དང་ཆབས་ཅིག་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་ལས་འགན་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་དགོས་པ་ལས་དབུགས་རིང་གཏོང་བ་དང་ངལ་གསོ་བའི་བསམ་བློ་གཏན་ནས་འཆང་མི་རུང་ལ། རྣམ་གཡེང་དང་ལྷོད་གཡེང་གི་བསམ་བློ་དེ་བས་ཀྱང་འཆང་མི་རུང་། གདེང་ཚོད་ལ་གཡོ་འགུལ་མི་གཏོང་བ་དང་། དཀའ་ངལ་ལ་སྣང་ཆུང་མི་བྱེད་པ། ལས་ཀར་ལྷོད་གཡེང་མི་གཏོང་བ་བཅས་བྱས་ནས་ལས་དོན་སྒྲུབ་བསམ་པའི་བསམ་ཕྱོགས་དང་། ལས་དོན་སྒྲུབ་ནུས་པའི་འཇོན་ཐང་། ལས་དོན་སྒྲུབ་མཁས་པའི་ཐབས་ཤེས། ལས་དོན་སྒྲུབ་ཐུབ་པའི་བློ་གྲོས་བཅས་ལ་བརྟེན་ནས“རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་དེ“ཐམས་ཅད་སེམས་ལ་གདེང་ཚོད་ཡོད་པའི”བྱ་སྤྱོད་སྤེལ་ནུས་སུ་འགྱུར་བ་བྱས་ཏེ་སྙིང་སྟོབས་རབ་འཕེལ་དང་། དཔའ་སེམས་ཆེར་སྐྱེད། ཡང་འབད་བསྐྱར་འབད་བཅས་བྱས་ནས་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་པར་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། རྣམ་གྲངས་ལ་དམ་འཛིན་ཤུགས་ཆེན་དང་རྣམ་གྲངས་ཆེ་གྲས་ལ་དམ་འཛིན་བྱས་ཏེ་གཙོ་གནད་རྣམ་གྲངས་ལས་འགོ་འཛུགས་པའི་མྱུར་ཚད་དང་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་ཚུགས་པ་དང་ལས་འགོ་བསྐྱར་ཚུགས་ཀྱི་སྒྲིག་འཛུགས་ཡག་པོ་བྱེད་པ་དང་། གཙོ་གནད་ལས་གྲྭ་འཛུགས་སྐྲུན་གྱི་དགོས་མཁོར་དམིགས་ཏེ་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བར་དམ་འཛིན་ལྷོད་མེད་བྱེད་པ། “གནས་ནས་གནས་བར”གཙོ་གནད་རྣམ་གྲངས་ལ་སྤྱོད་པའི་ས་ཆ་དང་། ཆུ། གློག་བཅས་འགན་ལེན་ཡག་པོ་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་སྐྱེ་ཁམས་སྲུང་སྐྱོང་གནས་བབ་ཨང་དང་པོར་བཞག་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ“ཐོན་སྐྱེད་བདེ་འཇགས”ལ་བརྟེན་ནས“འཕེལ་རྒྱས་བརྟན་པོ”འགན་ལེན་བྱེད་དགོས། སྔོན་ཚུད་ནས་བཀོད་སྒྲིག་དང་འཛད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་སྟེ། དུས་ཚིགས་གལ་ཆེན་དང་ཡུལ་སྐོར་བ་མང་བའི་དུས་ཚིགས་ལ་བརྟེན་ནས་དམིགས་སའི་རང་བཞིན་ཆེན་པོ་ལྡན་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཞིབ་འཇུག་བྱས་ནས་བཏོན་ཏེ་འཛད་སྤྱོད་གསོན་ཤུགས་འཕེལ་བར་སྐུལ་ཁྲིད་བྱེད་པ་དང་། མཚན་མོའི་དཔལ་འབྱོར་དང་། གུང་གསེང་དཔལ་འབྱོར། ཚོང་ལས་ཁུལ་གྱི་དཔལ་འབྱོར། “ཚོང་ཁང་དང་པོའི”དཔལ་འབྱོར། བཞུར་ཚད་དཔལ་འབྱོར། ལུས་གསོའི་དཔལ་འབྱོར་སོགས་གླེང་མང་བའི་གནད་དོན་ལ་དམིགས་ནས་མིག་མཐོང་ལག་ཟིན་གྱི་འཛད་སྤྱོད་ཐོན་རྫས་གསར་པ་ཁག་གཅིག་འདོན་པ་དང་། ལྷག་པར་དུ“ཚོང་ལས་དང་། ཡུལ་སྐོར། རིག་གནས། ལུས་རྩལ”བཅས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བར་བསམ་བློ་མང་ཙམ་གཏོང་བ་དང་འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་ཞིམ་ཟས་འགྲན་བསྡུར་ཆེན་པོ་མུ་མཐུད་གཉེར་བ་དང་། ཡུལ་བབ་དང་བསྟུན་ནས་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ། ཡུལ་སྐོར་བས་ལྟ་འདོད་ཅིང་ཉན་སྤྲོ་བའི་རིག་རྩལ་བརྩམས་ཆོས་སྤུས་དག་གཏོད་པ། ཁྱད་ཆོས་ཅན་དང་སྣེ་མང་ཅན་གྱི་རྣམ་པ་གསར་པར་བརྟེན་ནས་འཛད་སྤྱོད་ཀྱི་གསོན་ཤུགས་གསར་པ་འཕེལ་བ་བཅས་བྱས་ཏེ“བཟའ་བཅའ་དང་། སྡོད་གནས། འགྲོ་སྐྱོད། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”བཅས་ལ་ཕྱོགས་ཡོངས་ནས་སྐུལ་ཁྲིད་བྱེད་དགོས། ཁོར་ཡུག་ལེགས་སུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ“ལས་ཕྱོད་ཆེན་པོས་བྱ་བ་གཅིག་སྒྲུབ་པའི”འཇུར་མིག་སེལ་བ་དང་འགག་གནད་སྒྲོལ་བར་དམིགས་ནས“ཡིད་རྟོན་གྱི་སྲིད་གཞུང་འཛུགས་སྐྱོང་ལོའི”ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དམངས་འཚོའི་བྱ་བ་དངོས་21ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། འགན་འཁྲི་ནན་དུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པ་དང་། ཏན་ཏན་ཏིག་ཏིག་དང་དམངས་ལ་བདེ་སྐྱིད་དངོས་སྐྲུན་པའི་བྱ་བ་མང་ཙམ་བསྒྲུབས་ཏེ་དངོས་སྒྲུབ་ལ་བརྟེན་ནས་དམངས་སེམས་ཐོབ་པ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།