དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱས་པ།

    ​2023ལོའི་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-24

    2023ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཨུད་ཀྱི“22445”ཡི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་དམིགས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ངར་སེམས་ཆེར་སྐྱེད་དང་དཀའ་སྒྲུབ་དངོས་སྒྲུབ་ཀྱིས་ལྟེ་བའི་གྲོང་ཁྱེར་ཕལ་པ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།

    དཔལ་འབྱོར་འཕེལ་རྒྱས་བརྟན་ཁྲོད་ཡར་འཕེལ་བྱུང་བ།

    ཚོད་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2023ལོར། ཆབ་མདོ་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་335ཟིན་པ་དེ་དུས་མཚུངས་ལས་10%འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་23.86ཟིན་པ་དེ་དུས་མཚུངས་ལས་12.4%འཕར་བ། ཡོངས་འདུས་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་37.25ཟིན་པ་དེ་དུས་མཚུངས་ལས་50.2%འཕར་ཡོད་པ་རེད།

    2023ལོར་ཆབ་མདོ་གྲོང་ཁྱེར་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་བརྒྱའི་འགག་སྒོ་ལས་ཐོག་མར་བརྒལ་བ་དང་། ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་འཁྲུག་ཏུ་ཕྱིན་ནས“ཁྱེད་དང་མཉམ་དུ་འགྲོགས། བོད་ཤར་རྒྱུད་དུ་སྐྱོད”ཅེས་པའི་ཆབ་མདོའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་སྤེལ་བར་མོས་བསྟོད་བྱེད་མཁན་དུང་ཕྱུར་1ལས་བརྒལ་བ་དང་ལོ་ཧྲིལ་པོར་སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་མི་གྲངས་དང་ཡུལ་སྐོར་ཡོང་འབབ་གཉིས་ཀ་དུས་མཚུངས་ལས་59%འཕར་བ། ས་མཐོའི་སྐྱེ་དངོས་ཐོན་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བཏང་བ་དང་། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་16.43གསར་སྐྲུན་དང་རིམ་སྤོར་བྱས་པ། གྲོང་ཁྱེར་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་20ལས་བརྒལ་བ། སྨར་ཁམས་རྫོང་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་བསྐྲུན་རྒྱུར་ཆོག་མཆན་ཐོབ་པ། རི་བོ་ཆེ་རྫོང་བེའུ་མདའ་ཤང་གི(འབྲི་གཡག)རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་སྟོབས་ཆེའི་གྲོང་རྡལ་གཏན་འཁེལ་གྱི་མིང་ཐོ་ཨང་དང་པོའི་ནང་ཚུད་པ། ཚོང་དོན་ཟོག་འགྲེམས་ལས་རིགས་དར་རྒྱས་གོང་འཕེལ་བྱུང་ནས་ལོ་ཧྲིལ་པོར་ཚོང་དོན་ཁེ་ལས་10མང་དུ་ཕྱིན་ཏེ་དྲ་ཐོག་དང་དྲ་ཕྱི་ནས་ཚོང་ཟོག་བྲིན་ཚོང་བྱེད་ཚད་སྒོར་ཁྲི་685.97ཟིན་ཡོད་པ་རེད།

    2023ལོར་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་378ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་བྱས་པ། ཁྲོན་བོད་ལྕགས་ལམ(ཆབ་མདོ་དུམ་བུ)དང་། G318ལམ་ཐིག་སྤུས་ཚད་མཐོར་གཏོང་དང་སྒྱུར་བཀོད། ཞིང་ཆེན་ལམ་521(རྫ་ཆུའི་རྒྱུད་ཀྱི་གཞུང་ལམ)རོང་མེ་ནས་ཆུ་ཚན་ཁ་དུམ་བུའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ རི་བོ་ཆེ་རྫོང་གྲོང་གི་དྲོད་རླངས་མཁོ་འདོན་སོགས་གཙོ་གནད་རྣམ་གྲངས་ཀྱི་འཕེལ་རིམ་བདེ་བླག་བྱུང་བ། རོང་མེ་དང་འཕྲང་པོ་ཆུ་ཤུགས་གློག་ཁང་ལ་ཞིབ་མཆན་རག་པ་དང་འབྲེལ་ལས་འགོ་ཡང་ཚུགས་པ། བོད་ཤར་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ། ཡེར་པ་ཐང་དང་། འབའ་ཐང་། ལྷག་བ། འཕྲང་པོ་སོགས་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་ལོ་ཧྲིལ་པོར་ནུས་རྒྱུ་གཙང་མའི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་90ཡན་བཏང་ཡོད་པ་རེད།

    འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བ།

    2023ལོར་ཆབ་མདོ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། སྒྱུར་བཅོས་ཀྱི་སྔོན་ཁྲིད་དང་ཚད་བརྒལ་གྱི་ནུས་པ་གང་ལེགས་བཏོན་པ་དང་། ཚོང་གཉེར་ཁོར་ཡུག་ཡག་པོ་ཞིག་བཏོད་པ། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

    ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་གྲི་དངོ་རང་གཏད་ཀྱིས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ“5+2ངལ་གསོའི་ཉིན་མོའི་ལས་རེས་ལམ་ལུགས་དང་ཉིན་དགུང་ངལ་གསོ་མི་རྒྱག་པ”སོགས་ཀྱི་དམངས་ཕན་ཞབས་ཞུའི་བྱེད་ཐབས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ནས། “ལེགས་ཞན་དཔྱད་འདེམས་བྱེད་པའི”དོ་དམ་མ་ལག་དང་ལས་དོན་མཐའ་དག་སྒྲུབ་ཐུབ་པའི་སྐར་ཁུང་སོགས་དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་བཏོད་དེ་ལས་སྒྲུབ་མང་ཚོགས་ཀྱི་དཀའ་གནད་བསལ་བ་དང་། ཁེ་ལས་ཐོ་འགོད་བྱེད་པའི་དུས་ཚོད་ལས་ཀའི་ཉིན་མོ་0.5བར་ཐུང་དུ་བཏང་བ། ཁེར་རྐྱང་བཟོ་ཚོང་དུད་ཚང་ཐོ་འགོད་བྱེད་སྐབས“འཕྲལ་མར་རེ་ཞུ་དང་། འཕྲལ་མར་སྒྲུབ་པ། འཕྲལ་མར་ཞིབ་མཆན་འགོད་པ”བཅས་བྱེད་པ་དང་ཆབས་ཅིག “དྲ་སྦྲེལ་དང་སྲིད་དོན་ཞབས་ཞུ”ཟུང་དུ་འབྲེལ་བར་སྐུལ་འདེད་གཏིང་ཟབ་བཏང་བ། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་སྲིད་དོན་ཞབས་ཞུའི་དོན་ཚན་15182ཁྱབ་བསྒྲགས་བྱས་ནས་དྲ་ཐོག་ཏུ་གཉེར་ཆོག་ཚད་100%ཟིན་ཡོད་པ་རེད།

    2023ལོ་ཚུན། ཆབ་མདོ་གྲོང་ཁྱེར་གྱིས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་ཀྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་བྱེད་པའི་ཚོང་གཉེར་ཁོར་ཡུག་ལེགས་གཏོང་གི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས《ཆབ་མདོ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་གཏན་འབེབས་འགའ་ཞིག(ཚོད་ལྟའི་ལག་བསྟར)》སོགས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ་དཀའ་གནད་བསལ་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཁྲིད་སྟོན་གྱིས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་བཏོད་པ་དང་། ལོ་ཧྲིལ་པོར་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་79.4དམིགས་སར་འབྱོར་བ། ལོ་འཁོར་གྱི་དམིགས་ཚད་ལས་འགན་ལས་བརྒྱ་ཆའི་གྲངས་18.5བརྒལ་བ། ཆབ་མདོའི་ཁུལ་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་122མང་དུ་ཕྱིན་པ། ཐོ་འགོད་མ་རྩ་སྒོར་དུང་ཕྱུར་21.7གསར་འཕར་བྱུང་བ། ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་90བྱུང་བ། མཛོད་བཅུག་ཁྲལ་འབབ་སྒོར་དུང་ཕྱུར་7.7ལེགས་སྒྲུབ་བྱུང་ཡོད་པ་རེད།

    དམངས་འཚོའི་བདེ་རྩ་སྔར་བས་ཆེ་རུ་ཕྱིན་པ།

    2023ལོར་སྔོན་དཔག་བྱས་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་46675དང་སྒོར་18460སོ་སོར་ཟིན་པ་དེ་དུས་མཚུངས་ལས་10%དང་13%སོ་སོར་འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་89.67ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་20%འཕར་བ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད་པ་རེད།

    2023ལོ་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ལས་ཞུགས་ལས་གཏོད་དང་། དམངས་འཚོ་འགན་ལེན། གྲོང་གསེབ་དར་རྒྱས་སོགས་ལ་དམིགས་ནས་ཆབ་མདོའི་མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་མུ་མཐུད་མཐོ་རུ་བཏང་ཡོད་པ་རེད།

    ལས་ཞུགས་བརྟན་པོ་ཡོང་བར་བྱེད་པའི་ལས་དོན་ཏན་ཏིག་ངང་སྤེལ་ཞིང་། གདན་ཞུའི་བྱེད་སྒོ་སྣ་ཚོགས་ཐེངས་90སྤེལ་བ་དང་། ལས་ཞུགས་ལས་གནས་20043གསར་སྤེལ་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་དུ་མི་7060གསར་དུ་ལས་ཞུགས་ཐུབ་པ་བཅས་དང་། ཞིང་འབྲོག་པའི་འབབ་འཕར་གྱི“བྱེད་ཐབས་བཅུ”དོན་འཁྱོལ་ནུས་ལྡན་བྱས་ནས་ངལ་ནུས་ལྷག་མ“ཕྱིར་ལས་ཀར་སྐྱོད་པའི་འདོད་མཐུན་གྲངས་གཞིའི་མཛོད”དང“ངལ་ནུས་དང་ལས་མི་སྤྱོད་པའི་དགོས་མཁོའི་མཛོད”བཅས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་མི་ཐེངས་ཁྲི་1.95ལ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ནས་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་ཁྲི་15ལས་ཞུགས་གཞན་སྒྱུར་བྱས་པ་དང་། འབབ་འཕར་སྒོར་དུང་ཕྱུར་17བྱུང་བ། མཐོ་སློབ་ཀྱི་ལོ་འདི་གའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་98.01%ཟིན་ནས་ཆུ་ཚད་ཅུང་མཐོ་བ་རྒྱུན་འཁྱོངས་བརྟན་པོ་ཐུབ་ཡོད་པ་རེད།

    སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་ཕྱིན་ཞིང་། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་སྣ་ཚོགས་ནང་ཞུགས་མཁན་མི་ཐེངས་ཁྲི་60.91ཟིན་པ་དང་། རྒན་གསོ་དང་། ལས་རྨས། ལས་ཤོར་བཅས་ཀྱི་འགན་བཅོལ་ནང་ཞུགས་ཚད་95%ཡན་ཟིན་པ། 2023ལོའི་ལོ་འཁོར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་ཚད་99.44%ཟིན་པ་དང་། དམིགས་བསལ་མི་ཚོགས་སྨན་བཅོས་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་ཚད་100%ཟིན་པ། འགན་བཅོལ་ནང་ཞུགས་པའི་གྲངས་གཞི་གཉིས་ཀ་ཟིན་ཐོ་གསར་པ་བཏོད་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་947བར་མཐོ་རུ་བཏང་བ་དང་། གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་མི་རེར་ལོ་རེར་སྒོར་5343བར་མཐོ་རུ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི་3838.08དང་སྒོར་18003.83སོ་སོར་སྤྲད་ཡོད་པ་རེད།

    གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་34.54སྤྱི་འདོམས་བསྡུ་སྒྲིལ་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་388ལག་ལེན་བསྟར་བ་དང་། དབུལ་ལོག་སྔོན་འགོག་གི་མཐའ་ཚད་བརྟན་པོ་བསྲུངས་ནས་གནད་སྨིན་རོགས་སྐྱོར་བྱས་ཤིང་། མིག་སྔའི་བར། དབུལ་སྒྲོལ་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཁྱོན་དུད་ཚང་2557གྱི་མི་12378དབྱེ་འབྱེད་བྱས་པ་དང་། ཉེན་ཁ་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་2054ཡི་མི་9906གི་ཉེན་ཁ་བསལ་བ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་གནད་དོན་ཐོན་མེད་པ། གྲོང་གསེབ་ཀྱི་རྣམ་པ་དང་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས་དུད་ཚང་གི་གསང་སྤྱོད་ཁྲི་1.5སྒྱུར་བཀོད་བྱས་པ་དང་ཕྱུགས་ར་18416གསར་སྐྲུན་དང་སྒྱུར་བཀོད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།