དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲོང་གསེབ་ཀྱི་རྣམ་པ་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ།

    —— འཕྱོངས་རྒྱས་རྫོང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-24

    དགུན་དུས་ཀྱི་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཐང་པོ་ཆེ་གྲོང་ཚོར་འགྲོ་ལམ་གཙང་སྦྲ་དོད་པ་དང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བོད་ཁྱིམ་སྒོ་ར་ཆུང་ཆུང་གྲལ་སྟར་སྒྲིག་པོར་གནས་ཤིང་། དྲོ་སྐྱིད་ལྡན་པའི་ཉི་འོད་འོག་གྲོང་ཚོ་ཡོངས་ལྷག་པར་མཛེས།

    དུད་ཚང་ཞིག་ཏུ་སྐྱོད་སྐབས་སྒོ་ར་གཙང་སྦྲ་དོད་ལ་རྒྱ་ཆེ་ཞིང་། དུད་ཚང་གི་སྦྱིན་བདག་བློ་བཟང་རྡོ་རྗེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ལས་ཀ་བྱེད་མཚམས་བཞག་ནས་གསར་འགོད་པར“འགྲོ་ལམ་དང་གྲོང་ཚོ་གཙང་བ་མ་ཟད། དུད་ཚང་ནང་གི་གཙང་སྦྲའང་ལེགས་སུ་ཕྱིན་ཡོད། ལོ་འགའི་གོང་གི་འཚོ་བའི་ཁོར་ཡུག་དང་བསྡུར་ན་ཧེ་བག་ཧ་ཅང་ཆེན་པོ་ཡོད”ཅེས་དགའ་སྤྲོའི་ངང་བཤད། གསར་འགོད་པས་ད་དུང་ཁོང་ཚོའི་ཁྱིམ་དུ་གཟུགས་པོ་ཁྲུས་ས་དང་ཆུ་བསྲོ་ཆས་སྒྲིག་སྦྱོར་བྱས་ཡོད་པ་ཤེས་རྟོགས་བྱུང་བ་རེད།

    སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་ནི་འབོད་ཚིག་ཙམ་ཞིག་གཏན་ནས་མིན། 2023ལོར་འཕྱོངས་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གཏིང་ཟབ་བྱས་ནས《འཕྱོངས་རྒྱས་རྫོང་གིས“དུས་རབས་གསར་པའི་སྡོད་མལ་ལ་འཚམ་པའི་ཁྱིམ་གཞིས”གཏོད་པའི་དཔེ་སྟོན་ཁུལ་གྱི་ཚོད་ལྟའི་ལས་དོན་ཇུས་གཞི》བཟོས་ནས་བཏོན་པ་དང་། ཕྱོགས་ཁག་གི་སྟོབས་ཤུཌ་སྐུལ་སློང་བྱས་ནས“དུས་རབས་གསར་པའི་སྡོད་མལ་ལ་འཚམ་པའི་ཁྱིམ་གཞིས”ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་ནང་ཧུར་ཐག་ཞུཌ་ནས་རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེཌ་སུ་གཏོང་བར་དཔེ་སྟོན་དང་སྣེ་ཁྲིད་བྱས་པ་རེད།

    འཕྱོངས་རྒྱས་རྫོང་སྡོད་མལ་ཁོར་ཡུག་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བ་བདེ་གཡང་གིས་2023ལོར་འཕྱོངས་རྒྱས་རྫོང་གི་ཤང་དང་གྲོང་རྡལ་ཁག་དང་གྲོང་ཚོའི་སྡེ་ཁུལ་གྱིས་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གྲོང་ཚོའི“བཙོག་ཟིང་ཞན་གསུམ”གྱི་ཆེད་དོན་བཅོས་སྒྲིག་བྱེད་སྒོ་ཁྱོན་ཐེངས་40ལྷག་ཙམ་སྤེལ་བ་དང་། རིམ་རྩིས་བྱས་ན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མ་དངུལ་སྒོར་ཁྲི་1.2ལྷག་ཙམ་བཏང་ནས་གཙོ་བོ་གྲོང་ཚོའི་སྤྱི་པའི་ས་ཁོངས་སུ་རྡོ་གང་བྱུང་སྤུངས་པར་བཅོས་སྒྲིག་དང་། ལམ་ཁོད་སྙོམས་པ། ཞིང་ལུད་གཙང་སེལ་སོགས་བྱས་པ་དང་། མང་ཚོགས་མི་ཐེངས་5000ལྷག་ཙམ་སྒྲིག་འཛུགས་བྱས་ནས་གྲོང་ཚོ་སྔོ་འགྱུར་དང་ལམ་བུ་མཁྲེགས་འགྱུར་གྱི་ལས་འགུལ་ནང་ཧུར་ཐག་ཞུགས་ཏེ་གྲོང་ཚོའི་རྣམ་པ་ཕྱོགས་ཡོངས་ནས་འགྱུར་ལྡོག་གཏོང་གང་ཐུབ་བྱས་ཡོད་ཅེས་བཤད།

    གྲོང་ཚོའི་རྣམ་པ་གསར་རྐྱང་དུ་འགྱུར་བ་བྱ་ཆེད། འཕྱོངས་རྒྱས་རྫོང་གིས“སྲིད་གཞུང་དང་། མང་ཚོགས། གྲོང་ཚོ་མཉམ་སྡེབ་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་བརྒྱུད། ཁ་གསབ་ཚབ་ཏུ་བྱ་དགའ་སྤྲོད་པ་དང་སྔོན་ལ་འཛུགས་སྐྲུན་བྱེད་པ་དང་རྗེས་སུ་ཁ་གསབ་བྱེད་པའི་བྱེད་སྟངས་ཐོག་ནས་དུད་ཚང་རེར་མང་ཤོས་སྒོར་8200ཡི་ཚད་གཞི་ལྟར་སྤྲད་པ་དང་། དེ་ལས་བརྒལ་རིགས་ཞིང་དུད་ཀྱིས་རང་གྲབས་བྱེད་པ། རང་གྲབས་ཀྱི་མ་དངུལ་སྒོར་ཁྲི་780ཟིན་པ། གྲོང་ཚོའི་མཉམ་སྡེབ་ཀྱིས་མ་དངུལ་སྒོར་ཁྲི་50བཏང་བ་བཅས་བྱས་པས་འཛུགས་གཏོད་ཀྱི་ལས་ཕྱོད་ཆེ་རུ་བཏང་ཡོད། དེ་དང་དུས་མཚུངས“མཛེས་སྡུག་ལྡན་པའི་སྒོ་ར”གཏོད་པའི་ལས་དོན་མུ་མཐུད་ཁྱབ་གདལ་བཏང་ནས་ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི་མ་དངུལ་ཁྲོད་སྔོན་རྩིས་སྒོར་ཁྲི་40ཟིན་པ་དང“མཛེས་སྡུག་ལྡན་པའི་སྒོ་ར”200བསྐྲུན་པ་དང་དུད་ཚང་རེར་སྒོར་2000གི་ཚད་གཞི་ལྟར་སྤྲད་དེ་གྲོང་ཚོ་ཚང་མ་གཙང་སྦྲ་དོད་པ་ནས་དུད་ཚང་ཚང་མ་གཙང་སྦྲ་ལྡན་པའི་བར་འགྱུར་ལྡོག་འགྲོ་བར་སྐུལ་འདེད་བཏང་ཡོད།

    མིག་སྔའི་བར་རྫོང་ཐད་གཏོགས་ཚན་པ་ཁག་གིས་མ་དངུལ་བསྡུ་རུབ་བྱས་ཏེ་སྒོར་ཁྲི་15ལྷག་ཙམ་བཏང་ནས་དུད་ཚང་27ལ“མཛེས་སྡུག་ལྡན་པའི་སྒོ་ར”འཛུགས་གཏོད་བྱེད་རོགས་བྱས་པས་རྫོང་དེ་ཡོངས་ཀྱི“མཛེས་སྡུག་ལྡན་པའི་སྒོ་ར”གཏོད་པའི་སྤྲོ་སེམས་འཕེལ་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།