དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སློབ་ཆེན་ཐོན་པའི་ལས་གཏོད་པ་འཆི་མེད་ཀྱིས་ཕ་ཡུལ་ལ་དྲིན་ལན་འཇལ་ནས་ལང་ཚོ་སྐྱེས་སུ་འབུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-24

    ཁོང་ནི་ཨར་སྐྲུན་ཁྱབ་ཁོངས་ཀྱི་སློབ་ཆེན་ཐོན་པའི་ལས་གཏོད་པ་ཞིག་ཡིན་པ་དང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་ས་གཞི་ཆེན་པོར་ཏན་ཏན་ཏིག་ཏིག་གིས་ལས་གཏོད་བྱས་པས་བྱ་གཞག་ལ་གྲུབ་འབྲས་བཟང་པོ་ཐོབ་ཅིང་། ཀུང་སི་གཉེར་སྐྱོང་ཧུར་ཐག་བྱེད་པ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བ་དང་ས་གནས་དེ་གའི་དམངས་འཚོར་དོ་ཁུར་བྱས་ཏེ་རང་ཉིད་ཀྱི་ལང་ཚོར་བརྟེན་ནས་ཕ་ཡུལ་ལ་དྲིན་ལན་འཇལ་བཞིན་ཡོད། ཁོང་ནི་བོད་ལྗོངས་ཅན་པང་ཨར་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲེ་ཀྲང་འཆི་མེད་རེད།

    སྣང་རྫོང་བ་ཞིག་ཡིན་པའི་ངོས་ནས་2014ལོར་སློབ་ཆེན་ཐོན་རྗེས་ཁོང་གིས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུའི་གདམ་ག་བྱས།

    དང་ཐོག་ཁོང་གིས་ལས་གཏོད་བྱེད་རྒྱུ་བསམ་པའི་ཡུལ་དུ་མེད་པར་སློབ་གྲྭ་ཐོན་མ་ཐག་པའི་སློབ་ཆེན་སློབ་མ་མང་ཆེ་བ་དང་འདྲ་བར་ལས་ཀ་བརྟན་པོ་ཞིག་འཚོལ་འདོད་ཡོད་པ་རེད།

    “ཨ་མས་ང་རང་ཨར་སྐྲུན་ལས་རིགས་ནང་ཞུགས་ན་སྙམ་གྱི་ཡོད། དང་ཐོག་ངའི་བསམ་པར་ཨར་སྐྲུན་ལས་རིགས་སུ་ཞུགས་མཁན་མང་ཆེ་བ་སྐྱེས་པ་ཡིན་པས་ལས་རིགས་དེའི་ནང་དེ་ཙམ་ཞུགས་འདོད་མི་འདུག”རྗེས་སུ་ཨ་མས་སློབ་གསོ་ཡང་ཡང་བརྒྱབ་རྗེས་ལས་གཏོད་ཀྱི་ལམ་བུ་དེའི་ཐོག་སྐྱོད་པ་ཡིན་ཞེས་འཆི་མེད་ཀྱིས་བཤད།

    ཀུང་སི་གཉེར་སྐྱོང་བྱེད་པའི་ལོ་ཁ་ཤས་ནང་འཆི་མེད་ལ་དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་ཅིང་། འགྲན་སློང་བྱེད་ཕོད་པ་དང་དཔའ་མི་ཞུམ་པའི་སེམས་ཤུགས་ལ་བརྟེན་ནས་ཁོང་གིས་གོམ་པ་རེ་རེ་བཞིན་དཀའ་སྤྱད་འབད་བརྩོན་བྱས་པས་ད་ཆ་ཀུང་སིའི་འཕེལ་རྒྱས་དེ་རྒྱུན་གཏན་གྱི་ལམ་བུའི་ཐོག་བསྐྱོད་ཡོད། ཀུང་སི་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་ཁོང་གིས་སྔ་ཕྱི་བར་གསུམ་དུ་སྤྱི་ཚོགས་ཀྱི་འགན་འཁྲི་མི་བརྗེད་པར་ས་གནས་དེ་གའི་ངལ་རྩོལ་པ་སྒྲིག་འཛུགས་བྱས་ཏེ་རྩལ་ནུས་གསོ་སྦྱོང་དང་ས་གནས་དེ་གའི་མང་ཚོགས་ཀུང་སིའི་ལས་ཀར་བཅུག་ནས་རང་ཉིད་ཀྱི་ལས་གཏོད་ཀྱི་ཐོག་མའི་བསམ་འདུན་ལག་ལེན་བསྟར་ཡོད།

    འཆི་མེད་ཀྱིས་གསར་འགོད་པར། 2022ལོ་ཁོ་ནར་ཀུང་སིས་ས་གནས་དེ་གའི་མང་ཚོགས་མི་ཐེངས་600ལྷག་ཙམ་བསྡུས་ཡོད། གཞན་ཡང་ཀུང་སིས་ད་དུང་སྤྱི་ཕན་བྱེད་སྒོ་སྣ་ཚོགས་ལ་ཧུར་ཐག་ཞུགས་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་བས་ལོ་གསུམ་བསྟུད་མར་ཉིང་ཁྲི་གྲོང་ཁྱེར་གྱི་ཡིད་རྟོན་མཚན་སྙན་Aརིམ་པའི་ཁེ་ལས་ལ་བདམས་བྱུང་ཞེས་བཤད།

    ལོ་དེ་དག་གི་ཉམས་མྱོང་དང་གྲུབ་འབྲས་གླེང་རིམ་བཞིན་འཆི་མེད་ཀྱི་ངོ་གདོང་ནས་སྤོབས་སེམས་ཀྱི་རྣམ་འགྱུར་ཞིག་མངོན། ཁོང་གིས་དེ་ནི་ངས་མུ་མཐུད་མདུན་སྐྱོད་དང་། མི་གཞན་ལ་རོགས་རམ་བྱ་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་ལ་དྲིན་ལན་འཇལ་བ་བཅས་ཀྱི་སྒུལ་ཤུགས་ཤིག་རེད་ཅེས་བཤད།

    ཉེ་བའི་ལོ་5ཡི་ནང་འཆི་མེད་ཀྱིས་གང་དུ་དཀའ་ངལ་ཡོད་ཚེ་དེར་རོགས་སྐྱོར་བྱེད་ཅིང་། རྒན་གསོ་ཁང་དང་། མི་ཧྲེང་རྒན་རྒོན། གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་ཡུལ་སོགས་ཚང་མར་འཆི་མེད་ཀྱི་གཟུགས་བརྙན་མཐོང་རྒྱུ་ཡོད་པ་དང་། མང་ཚོགས་ཀྱི་བསྔགས་བརྗོད་ཀྱང་རྒྱ་ཁྱབ་ཐོབ་ཡོད།

    “སླད་ཕྱིན་ངས་ཀུང་སི་སྟོབས་ཆེར་གཏོང་རྒྱུར་མུ་མཐུད་འབད་བརྩོན་བྱས་ནས་རང་ངོས་ཀྱི་ལས་སྒོའི་འཇོན་ཐང་དང་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་དང་ཆབས་ཅིག སྤྱི་ཚོགས་ཀྱི་འགན་འཁྲི་ཡག་པོ་སྒྲུབ་པ་དང་གཞན་ཕན་གྱི་སྲོལ་རྒྱུན་སྤྱོད་བཟང་མུ་མཐུད་དར་སྤེལ་བཏང་སྟེ་སྣང་རྫོང་དར་རྒྱས་གོང་འཕེལ་ཡོང་བར་རང་ཉིད་ཀྱི་ནུས་པ་ཕྲན་བུ་འདོན་རྒྱུ་ཡིན”ཞེས་འཆི་མེད་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།