དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཕའི་མཛའ་གྲོགས་ལ་སྐུལ་འདེད་ནུས་ལྡན་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཝེ་ཆང་།   |     སྤེལ་དུས།  2024-02-23

    ཉིན་ཤས་བསྟུད་མར། 2024ལོའི“དཔྱིད་གསར་དུས་ཆེན་དགའ་གཏོང”གི་རྟེན་འབྲེལ་བྱེད་སྒོ་འཁྲུག་ཆ་དོད་པོའི་ངང་སྤེལ་བ་རེད། ཟླ་2ཚེས་15ཉིན་ནས་བཟུང་ཕ་ན་མའི་ཞིང་ཆེན་8དང་གྲོང་ཁྱེར་9ཡིས་དཔྱིད་གསར་དུས་ཆེན་གྱི་རིག་གནས་ཀྱི་རྟེན་འབྲེལ་མཛད་སྒོ་འཚོགས་པ་དང་། ཐང་ཆེན་དང་སྤྱི་གླིང་དུ་ལྒང་བཞུ་དམར་པོས་བརྒྱན་པ། མཁར་རྔའི་སྒྲས་ཁེངས་པ། འབྲུག་རྩེད་དང་སེང་རྩེད་རྩེ་བ། མི་ཚོགས་སྟུག་པ་བཅས་ཡོད་པ་དང་། རིག་རྩལ་འཁྲབ་སྟོན་དང་། ཞིམ་ཟས་མྱོང་རོལ། ཤོག་སྦག་མཚན་ཚོགས་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད།

    2022ལོ་ནས་བཟུང་ཕ་ན་མ་སྲིད་གཞུང་གིས་ལོ་3བསྟུད་མར་ཕ་ན་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་དེ་བཞིན་ཕ་ན་མའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་མཉམ་དུ“དཔྱིད་གསར་དུས་ཆེན་དགའ་གཏོང”གི་རྟེན་འབྲེལ་བྱེད་སྒོ་སྤེལ་བ་དང་འབྲེལ་བྱེད་སྒོ་དེ་ཕ་ན་མའི་རྒྱལ་སྤྱིའི་ཡུལ་སྐོར་འོས་སྦྱོར་འཆར་གཞིའི་ནང་བཅུག་ཡོད། “དཔྱིད་གསར་དུས་ཆེན་དགའ་གཏོང”དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མཉམ་དུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་མཛེས་སྡུག་ལྡན་པའི་དུས་བཟང་མཉམ་དུ་བསུ་བའི་དོན་ཆེན་ཞིག་ལ་རྩིས་ཀྱི་ཡོད་ལ་ཕ་ན་མར་ས་ཁུལ་གྱི་ཤུགས་རྐྱེན་ལྡན་པ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་ལྡན་པའི་རིག་གནས་བྱེད་སྒོའི་སྤུས་རྟགས་ཤིག་ཀྱང་ཡིན་པས་ཕ་ན་མའི་རིག་གནས་དང་། ཡུལ་སྐོར། དམངས་འཚོ་བཅས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་ཡོད།

    ཕ་ན་མར་ཕྱི་ཁོངས་ཀྲུང་གོ་བ་ཁྲི་30ཙམ་ཡོད་པ་དེས་རྒྱལ་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི་7%ཙམ་བཟུང་ཡོད། གསོན་ཤུགས་ཀྱིས་ཁེངས་པ་དང་། ལས་གཏོད་ལས་བརྩོན། རང་ཚུགས་གཞན་སྐྱོར་བཅས་ཀྱི་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པས་ས་གནས་དེ་གའི་སྤྱི་ཚོགས་ནང་ཧུར་ཐག་ཞུགས་ནས་ཕ་ན་མའི་མི་རིགས་མང་བའི་ཁྱིམ་ཚང་ཆེ་མོའི་གྲུབ་ཆ་གལ་ཆེན་ཞིག་དང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་དུས་ཆེན་དང་། ཞབས་བྲོ། བཟའ་བཏུང་སོགས་ཀྱི་རིག་གནས་གོམས་སྲོལ་ཕ་ན་མའི་སྣ་མང་རིག་གནས་དང་མཉམ་འདྲེས་ཡག་པོ་བྱུང་ནས་ས་གནས་དེ་གའི་མི་མང་པོ་ཞིག་ལ་ཀྲུང་གོའི་སྲོལ་རྒྱུན་གྱི་བཟའ་བཏུང་གོམས་གཤིས་འཇགས་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་གང་ལེགས་མཚོན་ཡོད། དཔྱིད་གསར་དུས་ཆེན་འཆར་རིམ་བཞིན་ས་གནས་དེ་གའི་དམངས་ཚོགས་ཀྱིས་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་མཉམ་དུ་ཚོགས་མཆོད་ལ་ཞུགས་པ་དང་། ཁྲོམ་སྐོར་བ། སེང་རྩེད་ལ་ལྟ་བ། ཤོག་སྦག་སྤོར་བ། ཤོག་ཆག་སྤྲོད་པ་བཅས་བྱེད་ཀྱི་ཡོད་པ་དང་། ཚོང་རའི་ནང་གི་ཚོན་མདངས་རྣམ་པར་བཀྲ་བའི་གློག་འོད་དང་དགའ་སྤྲོའི་རྣམ་པས་དུས་ཆེན་གྱི་རྣམ་པ་ཟབ་མོ་མངོན་ཡོད།

    2017ལོའི་ཟླ་6པར་ཀྲུང་གོ་དང་ཕ་ན་མས་ཀྲུང་གོ་གཅིག་གི་རྩ་དོན་ཁས་བླངས་པའི་རྨང་གཞིའི་ཐོག་དངོས་སུ་ཕྱི་འབྲེལ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད། ལོ་6ལྷག་ཙམ་རིང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་སྣེ་ཁྲིད་དང་སྐུལ་འདེད་ཤུགས་ཆེན་འོག་ཀྲུང་ཕའི་འབྲེལ་བ་འཕེལ་རྒྱས་བདེ་བླག་བྱུང་བ་དང་། ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། མཉམ་ལས་ལ་བརྟན་པོའི་ངང་སྐུལ་མ་ཐེབས་པ་བཅས་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཀྲུང་ཕའི་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ཕུན་སུམ་ཚོགས་སུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་ནུས་ལྡན་ཕྱིན་ཡོད། ཕྱོགས་གཉིས་པོས་ཉམས་མྱོང་ཕྱོགས་སྡོམ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། དངོས་སྒྲུབ་མཉམ་ལས། མི་ཆོས་རིག་གནས་སྤེལ་རེས། ཕྱོགས་མང་མཉམ་སྒྲུབ་བཅས་ལ་མཉམ་ཤུགས་འདོན་རྒྱུ་མངོན་འགྱུར་ཐུབ་ནས་ཀྲུང་ཕའི་མཛའ་གྲོགས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད།

    ཀྲུང་གོ་ཕྱོགས་ཀྱིས་ཕ་ན་མ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་རྒྱ་ཁྱབ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་པ་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ་སེམས་པ་གཅིག་ཏུ་འབྲེལ་བའི་རོགས་ཟླ་བཟང་པོ་བྱེད་འདོད་ཡོད། ཀྲུང་ཕ་རྒྱལ་ཁབ་གཉིས་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྐྱིད་ཁམས་བཟང་དང་ཀྲུང་ཕའི་མཛའ་གྲོགས་དེ་བས་མི་སེམས་སུ་གཏིང་ཟབ་ཟུག་པའི་སྨོན་འདུན་ཞུ་གི་ཡིན།

    (རྩོམ་པ་པོ་ནི་ཕ་ན་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།