དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ནན་ཅིང་མལ་གྲོའི་སྤེལ་རེས་ཟབ་མོ་ལས། ཀྲུང་ཧྭ་ཁྱིམ་ཚང་ཆེན་པོའི་བརྩེ་སེམས་མངོན།

    —— “སྐལ་བཟང་མེ་ཏོག་རབ་ཏུ་བཞད། ནན་ཅིང་དང་མལ་གྲོའི་གཟའ་འཁོར”སྐབས་བཞི་པའི་སྐོར་གྱི་གནས་ཚུལ་རགས་ཙམ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-23

    འདི་ནི《རྣམ་པ་གསར་པའི་མལ་གྲོ》སྟེ《ནན་ཅིང་མལ་གྲོའི་སྤེལ་རེས་ཟབ་མོ་ལས། ཀྲུང་ཧྭ་ཁྱིམ་ཚང་ཆེན་པོའི་བརྩེ་སེམས་མངོན》ཞེས་པའི“སྐལ་བཟང་མེ་ཏོག་རབ་ཏུ་བཞད། ནན་ཅིང་དང་མལ་གྲོའི་གཟའ་འཁོར”སྐབས་བཞི་པ་ནན་ཅིང་གྲོང་ཁྱེར་ཀུའུ་ལོའུ་ཆུས་དབང་ཅིང་ཐང་ཆེན་དུ་འགོ་ཚུགས་པ།

    ནན་ཅིང་གི་གྲོང་མིས་མལ་གྲོའི་གཟིམ་སྤོས་ཉོ་བཞིན་པ།

    མལ་གྲོ་གུང་དཀར་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱིས་ནན་ཅིང་གི་བྱེད་སྒོར་ཞུགས་པ།

    གཉེན་འཕྲད་ལག་ཁྱེར་སྤྲོད་ཡུལ་དུ་ནན་ཅིང་གི་གྲོང་མིས་ལམ་ཐིག་ཤེས་རྟོགས་ཞིབ་ཕྲ་བྱེད་པ།

    གངས་ལྗོངས་ས་མཐོ་ནས་དབྱང་ཙི་གཙང་འགྲམ་བར་དུ་མལ་གྲོའི་ཕུཌ་འདུན་དང་ནན་ཅིང་གི་བརྩེ་བ་ནི་དར་དཀར་ཡུག་གཅིག་ལྟར་རྒྱང་དུ་བསྲིངས་ཤིང་། “གནམ་མཐའི་ཡུལ་གྲུ”དང“རྒྱལ་རབས་དྲུག་གི་གནའ་གྲོང”བར་སྤྱི་ལེ་3800ཙམ་གྱིས་ཆོད་ཀྱང་མཛའ་མཐུན་གྱི་འབྲེལ་བ་ཆུ་དང་ཉ་མོ་བཞིན་དུ་གནས།

    2023ལོའི་ཟླ་12པར། ནན་ཅིང་གྲོང་ཁྱེར་ཀུའུ་ལོའུ་ཆུས་དབང་ཅིང་ཐང་ཆེན་དུ《རྣམ་པ་གསར་པའི་མལ་གྲོ》སྟེ《ནན་ཅིང་མལ་གྲོའི་སྤེལ་རེས་ཟབ་མོ་ལས། ཀྲུང་ཧྭ་ཁྱིམ་ཚང་ཆེན་པོའི་བརྩེ་སེམས་མངོན》ཞེས་པའི“སྐལ་བཟང་མེ་ཏོག་རབ་ཏུ་བཞད། ནན་ཅིང་དང་མལ་གྲོའི་གཟའ་འཁོར”སྐབས་བཞི་པ་གཉེར་འགོ་ཚུགས་པ་རེད།

    ལོ་གསར་མཁོ་ཆས་ཚོང་འདུས་སྐབས་དང་པོ་ནན་ཅིང་དུ་གཉེར་བ།

    “སྐལ་བཟང་མེ་ཏོག་རབ་ཏུ་བཞད། ནན་ཅིང་དང་མལ་གྲོའི་གཟའ་འཁོར”སྐབས་བཞི་པས་སྲོལ་རྒྱུན་གྱི་རྣམ་གྲངས་རང་སོར་བཞག་པའི་རྨང་གཞིའི་ཐོག་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་དང་ས་གཙང་ཐོན་རྫས་ཀྱི་ལོ་གསར་མཁོ་ཆས་ཚོང་འདུས་མང་དུ་བཏང་ཡོད། མལ་གྲོ་གུང་དཀར་རྫོང་གི་མཚོན་བྱེད་རང་བཞིན་གྱི་ཁྱད་ལྡན་ཁེ་ལས་དང་མཉམ་ལས་ཁང་ཁག་18འགྲེམས་སྟོན་ལ་ཞུགས་ཤིང་། ཁྱད་ལྡན་ཐོན་རྫས་ཏེ་མལ་གྲོའི་པད་སྣུམ་དང་། ནས་དཀར་རྩམ་པ། ནས་ནག་རྩམ་པ། འབྲི་གུང་གི་གཟིམ་སྤོས། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཀྱི་འགྲེམས་སྟེགས་མདུན་དུ་སྐུ་མགྲོན་མང་པོ་བུང་བ་སྤྲིན་གྱི་ཚོགས་བཞིན་གཅིག་ཏུ་འདུས་འདུག

    ལོ་གསར་མཁོ་ཆས་ཚོང་འདུས་ཀྱི་སྒྲ་སྙན་གྱི་འགྲེམས་སྟེགས་མདུན་དུ་སྒྲ་བརྙན་གྱི་སྙན་འཇེབས་འགྱུར་ཁུག་གིས་ནན་ཅིང་གི་གྲོང་མི་མི་ཉུང་བ་ཞིག་གི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཡོད། ད་རེས་མལ་གྲོ་གུང་དཀར་རྫོང་གིས་བོད་ཡིག་ཡིག་གཟུགས་དང་། བཀྲ་ཤིས་སྒང་གི་འཇིམ་བཟོ། སྒྲ་སྙན། སྨན་གསར་ལུགས་ཀྱི་ཐང་ག་སོགས་མངོན་མིན་རིག་གནས་ཤུལ་བཞག་ཁག་6འགྲེམས་སྟོན་བྱས་པ་རེད།

    ཞིང་འབྲོག་མང་ཚོགས་ཀྱིས་ནན་ཅིང་དུ་ལྟ་སྐོར་བྱས་པ།

    མལ་གྲོ་གུང་དཀར་རྫོང་གི་དབུལ་སྒྲོལ་དུད་ཚང་དང་། ཕྱུག་འགྱུར་སྣེ་ཁྲིད་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན་སོགས་ལས་གྲུབ་པའི་འཐུས་མི་ཚོགས་པས་ནན་ཅིང་གྲོང་ཁྱེར་གྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་། གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན། ཁྱད་ལྡན་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད། ཁྱད་ལྡན་རིག་གནས་ཐོན་ལས་གཏོད་པ་སོགས་ཀྱི་དཔེ་སྟོན་ཁུལ་ལ་ལྟ་སྐོར་དང་སློབ་སྦྱོང་བྱས་པ་རེད།

    འདི་ལོ་ལོ་37ལ་སླེབས་པའི་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་རིན་ཆེན་གླིང་གྲོང་ཚོའི་པད་མ་བཀྲ་ཤིས་ཕ་ཡུལ་ནས་ཡུལ་གྲུ་གཞན་ལ་སྐྱོད་ཐེངས་དང་པོ་རེད། སྔོན་ཆད་དུད་ཚང་དབུལ་པོ་ཡིན་པའི་ཁོང་གི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་ཡིན་པ་དང་། ད་ཆ་ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་གི་གནས་སྤོས་ས་ཚིགས་སུ་སྤོས་ཡོད་པ་རེད། པད་མ་བཀྲ་ཤིས་ཀྱིས་མྱོང་ཚོར་ཟབ་མོས། ད་ལྟ་ང་ཚོ་ཏང་དང་སྲིད་གཞུང་གིས་བསྐྲུན་པའི་ཁང་པ་གསར་པར་བསྡད་ཡོད། ཆུ་དང་། གློག སོལ་རླངས་བཅས་ཚང་མ་ཡོད་པ་མ་ཟད། ཕྲུ་གུའི་སློབ་གསོའི་ཁོར་ཡུག་ཀྱང་ཧ་ཅང་ཡག་པོ་འདུག ང་དང་བཟའ་ཟླས་ཇ་ཁང་ཞིག་བཙུགས་པར། ལོ་རེར་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཡོད་པས། མ་འོངས་པའི་འཚོ་བར་རེ་བས་ཁེངས་ཡོད། ཏང་དང་སྲིད་གཞུང་གིས་ང་ཚོར་སྲིད་ཇུས་ཀྱི་རོགས་རམ་ཡག་པོ་འདི་འདྲ་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་བརྗོད།

    བོད་བཟོའི་འཚོ་བའི་འགྲེམས་ཁང་སྒོ་ཕྱེ་བ།

    མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ནན་ཅིང་གྲོང་ཁྱེར་གྱི་ལས་དོན་ཚོགས་ཆུང་ཁག་བཅུ་པའི་སྐུལ་འདེད་འོག “མལ་གྲོའི་ཕྱག་རྟགས་ཡག་པོ”ཞེས་པའི་བོད་བཟོའི་འཚོ་བའི་འགྲེམས་ཁང་དེ་ཅང་ཉིང་ཆུས་ཀྱི་ཀྲུང་ཚའེ་འགྲེམས་ཚོགས་ལྟེ་གནས་སུ་སྒོ་ཕྱེ་བ་རེད།

    མལ་གྲོ་གུང་དཀར་རྫོང་ཞིང་འབྲོག་ལས་ས་གཙང་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་འཁུར་བ་བསོད་ནམས་རྒྱ་མཚོས། ནན་ཅིང་གི་སྤུན་ཟླ་མང་པོས་ང་ཚོ་མལ་གྲོའི་རིག་གནས་ལ་རྒྱུས་མངའ་ལོན་ཆེད། ང་ཚོས་ཕ་ཡུལ་མལ་གྲོ་ནས་ཆེ་བ་ཁྱིམ་ཆས་ནས་ཆུང་བ་ཇ་ཕོར་བར་གྱི་ཅ་དངོས་མང་པོ་ཁྱེར་ཡོད། ཚང་མས་ཅ་ལག་ཡག་པོ་འདི་དག་མཐོང་ཐུབ་པ་དང་སྤྱོད་ཐུབ་པའི་རེ་བ་ཡོད་ཅེས་བརྗོད།

    བོད་བཟོའི་འཚོ་བའི་འགྲེམས་ཁང་དུ་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་བརྩམས་ཆོས་དང་རིག་གནས་བསམ་བཀོད་ཐོན་རྫས་ཁྱོན་360ལྷག་ཙམ་བཤམས་ཡོད་པ་མ་ཟད། ད་དུང་མལ་གྲོའི་རྫ་ཆས་དང་། ནས་ནག གཟིམ་སྤོས། མལ་གྲོའི་པད་སྣུམ། མི་རིགས་ཀྱི་རྒྱན་གོས་སོགས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱང་ཡོད་པ་རེད།

    ལྷ་སའི་ཚོང་འགུགས་མ་འདྲེན་གྱི་གན་རྒྱ་བདེ་བླག་ངང་བཞག་པ།

    ལྷ་སའི་ཚོང་འགུགས་འོས་སྦྱོར་བྱེད་སྒོར་ལྷ་སའི་མ་འཇོག་ཁོར་ཡུག་དང་། ཚོང་འགུགས་སྲིད་ཇུས། ཁྱད་ལྡན་ཐོན་ལས། ཡུལ་སྐོར་ཐོན་ཁུངས་དང་དེ་བཞིན་ལྷ་སའི་ཅ་དངོས་ཡག་པོ། ལྷ་སའི་ཆུ་བཟང་པོ་བཅས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ནས། དུས་རབས་གསར་པའི་ལྷ་སའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྣམ་པ་དང་ཅང་སུའུ་ཡི་བོད་སྐྱོར་ལས་དོན་གྱི་ཕན་འབྲས་དྲིལ་བསྒྲགས་དང་མངོན་པར་བྱས་ཏེ“ཅང་སུའུ་དང་ལྷ་ས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”དུས་རབས་གསར་པའི་བརྩེ་སེམས་ཟམ་མི་ཆད་པར་ཟབ་ཏུ་བཏང་ཡོད།

    འོས་སྦྱོར་ཚོགས་འདུ་འཚོགས་པའི་ཉིན་དེར“ཅང་སུའུ་ཡི་སེམས་པ”ཞེས་པའི་ལྷ་སའི་ཆེད་དམིགས་འགྲེམས་ཁུལ་དངོས་སུ་སྤྱོད་འགོ་ཚུགས་པ་རེད། ཅང་སུའུ་རིག་གནས་ཡུལ་སྐོར་གྱི་གྲངས་འཛིན་ཅན་གྱི་ལག་རྩལ་རྒྱབ་སྐྱོར་འོག“དྭངས་གཙང་ལྷ་སའི”གྲངས་འཛིན་ཡུལ་སྐོར་གཱ་ཐོག་མར་འགྲེམས་སྤེལ་བྱས་པ་དང་། ཡུལ་སྐོར་བས་གཱ་དེ་འཁྱེར་ནས་སྐད་གྲགས་ཆེ་བའི་གནམ་མཚོ་ཕྱུག་མོ་དང་། གཟི་བྱིན་ལྷ་མཚོ། འཛམ་གླིང་རིག་གནས་ཤུལ་བཞག་ནོར་བུ་གླིང་ཁ་སོགས་མཛེས་ལྗོངས་ཁུལ་8དུ་རིན་མེད་ཡུལ་སྐོར་བྱེད་ཆོག་པ་དང་། སྤ་སེའི་རིན་གོང་བསྡོམས་འབོར་སྒོར་1000ཡིན་ཡང་གཱ་དེར་སྒོར་499ལས་དགོས་ཀྱི་མེད་པས། སྟབས་བདེ་ལ་གོང་འཚམ་པ་མ་ཟད། དགུན་དུས་དང་དབྱར་དུས་ཚང་མར་རིན་གོང་གཅིག་མཚུངས་ཡིན་པ་རེད།

    འོས་སྦྱོར་ཚོགས་འདུར་ཝུའུ་ཤིས་གྲོང་ཁྱེར་མི་དམངས་སྨན་ཁང་བརྒྱད་པ་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོའི་ཞོར་གཏོགས་སྨན་ཁང་དང་བོད་ལྗོངས་ལྷ་སྤྲེལ་སྨན་རྫས་ཚད་ཡོད་འགན་འཁྲི་ཀུང་སི་དང་། ཐེ་ཀྲོའུ་རླུང་འཕྲིན་བརྙན་འཕྲིན་སྨྱན་སྦྱོར་ཚོགས་པ་དང་ཏུང་ཐའེ་ཧོང་ཧའེ་ཧའེ་པིན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་ཝུའུ་ཤིས་ཉན་ཧྭ་དབན་རིག་གནས་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སི། ཅང་སུའུ་ཏ་ཡུན་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་ཐུའུ་ཉིའུ་ཡུལ་སྐོར། “ལྷ་སའི་ཅ་དངོས་ཡག་པོ”གཉེར་སྐྱོང་ཚོང་པ་ཅང་སུའུ་སུའུ་ལཱ་ཚོང་དོན་ཚད་ཡོད་ཀུང་སི་དང་ཅང་སུའུ་ཞིང་ཆེན་སུའུ་ལཱ་ཞིང་ཟོག་ཐོན་རྫས་འགྲེམས་སྟོན་འགྲེམས་ཚོང་ལྟེ་གནས་ཚད་ཡོད་ཀུང་སི་བཅས་སོ་སོ་དང་གན་རྒྱ་བཞག་པ་རེད།

    སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་གསོ་སྦྱོང་གི་སྒར་ས་གཉེར་བ།

    “སྐལ་བཟང་མེ་ཏོག”ཅེས་པའི་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་གསོ་སྦྱོང་གི་སྒར་ས་སྐབས་ལྔ་པ་ནན་ཅིང་གྲོང་ཁྱེར་དུ“1+3+N”ཡི་རྣམ་པའི་ཐོག་ནས་མུ་མཐུད་གཉེར་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་སྤྱི་ཅུས་ཀྱི་ཅུས་ཀྲང་ངག་དབང་ཆོས་སྒྲོན་གྱིས། སྐབས་གོང་མ་དང་མི་འདྲ་བར་འདི་ལོ་ང་ཚོས་ལས་གནས་གཏན་འཁེལ་གྱི་གསོ་སྦྱོང་མང་དུ་བཏང་བའི་ནང་སློབ་མ་13ལ་གནད་སྨིན་གསོ་སྦྱོང་བྱས་ཡོད། ལས་གནས་སུ་ནད་གཡོག་དང་། ཀོག་ཧྥེ་བཟོ་མཁན། མེ་ཟོན། འཕྲལ་སྡོམ་དོ་དམ་བཅས་ཀྱི་ལས་གནས་ཚུད་ཡོད། ལྟ་སྦྱོང་མཇུག་འགྲིལ་རྗེས་སློབ་མ་15ཡིས་ནན་ཅིང་ངམ་མལ་གྲོ་གང་རུང་དུ་ལས་ཞུགས་སམ་ལས་གཏོད་ཀྱི་གདམ་ག་བྱེད་ཆོག་གི་ཡོད་ཅེས་ངོ་སྤྲོད་བྱས།

    མིག་སྔའི་བར་ཁག་དང་པོ་ནས་བཞི་པའི་བར་གྱི་དམིགས་བསལ་གསོ་སྦྱོང་བྱས་པའི་སློབ་མ་121བདེ་བླག་ངང་སློབ་མཇུག་འགྲིལ་ནས་ལས་ཞུགས་ཐུབ་ཚད་100%ཟིན་ཏེ། མལ་གྲོ་གུང་དཀར་རྫོང་གི་ཤེས་ལྡན་པ་གསོ་སྐྱོང་དང་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།

    དུས་ཡུན་ཉིན་བདུན་རིང་གི“ནན་ཅིང་དང་མལ་གྲོའི་གཟའ་འཁོར”བྱེད་སྒོ་ལས་མངོན་པའི་ནང་དོན་དང་། བརྗོད་པའི་གཏམ་རྒྱུད། བརྒྱུད་བསྒྲགས་བྱས་པའི་བརྩེ་སེམས་བཅས་ནི་ཚད་ཡོད་པ་ཞིག་ཡིན་མོད། འོན་ཀྱང་ས་གནས་གཉིས་པོའི་མི་དམངས་ལ་གནམ་གཤིས་གྲང་མོའི་ཤུགས་རྐྱེན་སྤུ་ཙམ་ཡང་ཕོག་མེད་པར“ནན་ཅིང་དང་མལ་གྲོའི”ས་གནས་གཉིས་པོའི་ཕྱོགས་གཉིས་ཀར་སྐྱོད་པའི་སྤྲོ་སེམས་ནི་འགོ་འཛུགས་ས་གསར་པ་ཞིག་ཡིན་པས། རྒྱ་བོད་མི་རིགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་མུ་མཐུད་བསྐྱངས་ནས་ནམ་ཡང་མཇུག་འགྲིལ་དུས་མེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།