སི་ཁྲོན་ལི་ཐང་གིས་ཐབས་ལམ་གསར་པར་བརྟེན་ནས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་བཏང་བ།
“གནམ་ས་འབྲེལ་མཚམས”ཀྱི་རྫོང་གྲོང་ལི་ཐང་དེ་ཉིད་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལྷོ་ནུབ་རྒྱུད་ཀྱི་ས་མཐོར་ཆགས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པས“མཁའ་དབྱིངས་ཀྱི་གྲོང་ཁྱེར”ཞེས་འབོད་སྲོལ་ཡོད། དེ་གར་རི་མགོ་གངས་ཀྱིས་བཀླུབས་ཤིང་། རི་ཆུ་ཤང་ཤང་དུ་རྒྱུག་པ་དང་ཡངས་པའི་རྩྭ་ཐང་དུ་ནོར་ལུག་ཅི་དགར་རོལ་བའི་རྣམ་པ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་མངོན།
མཉམ་སྦྲེལ་དྲ་རྒྱ་དང་རིག་གནས་དང་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བའི་སྐུལ་སྤེལ་འོག་ཉེ་བའི་ལོ་ཤས་རིང་ལི་ཐང་ཡང“དྲ་ཐོག་མིང་ཅན”གྱི་གྲོང་ཁྱེར་ཞིག་ཏུ་གྱུར་ནས། རིག་གནས་དང་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། 2023ལོར་ལི་ཐང་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་319.2ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་39.2བྱུང་ནས་དུས་མཚུངས་ལས་66.7%འཕར་ཡོད།
“ཐག་རིང”དང“ཉེ་ས”
རིག་གནས་དང་ཡུལ་སྐོར་ཐོན་ཁུངས་སྣ་མང་ཕུན་སུམ་ཚོགས་ཤིང་མི་ཆོས་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱུང་བ།
མི་མང་པོ་ཞིག་གི་བག་ཆགས་ནང་ལི་ཐང་ནི་རྒྱང་རིང་དང་འཆར་སྣང་གི་གྲོང་ཁྱེར་ཞིག་ཏུ་སྣང་ཞིང་། རྫོང་གྲོང་ནས་ལྷོ་ནུབ་ཕྱོགས་སུ་རྩྭ་ཐང་སྒྲོལ་རྗེས་དགེ་གཉེར་མཛེས་ལྗོངས་ཁུལ་དུ་སླེབས། ས་བབ་མཐོ་ཚད་སྨི་6204ཟིན་པའི་དགེ་གཉེར་གནས་རི་ཁ་བས་བཀླུབས་ཤིང་། ཉི་མའི་འོད་ཟེར་འཕྲོས་པས་བརྗིད་ཆགས་ཡིད་དུ་འོང་བ་ཞིག་ཏུ་སྣང་། རི་རྩེ་7དང་བྲག་ཤུར་8ནས་ཕྱོགས་བཞིར་ཁྱབ་སྟེ་འདབ་བརྒྱ་ལྷུག་པོར་གྲོལ་བའི་མེ་ཏོག་ཅིག་དང་གཉིས་སུ་མ་མཆིས།
“དེ་གར་ཆུ་ཚན་འདུག མགྱོགས་པོ་ཆུ་ཚན་རྒྱག་པར་ཤོག”དགེ་གཉེར་གནས་རིའི་འདབས་ཀྱི་ར་འོག་ཁ་གྲོང་ཚོའི་དཀྱིལ་ནས་ཆུ་ཚན་ཤང་ཤང་དུ་རྒྱུག ཡུལ་སྐོར་བ་ཁྲེན་ལགས་དགའ་ཚོར་ཆེན་པོས་རྐང་རྗེན་མར་ཆུ་ཚན་རྒྱག་པར་བྲེལ། ཁོང་ནི་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་ནས་སྒེར་འཁོར་བཏང་སྟེ་འོང་བ་ཞིག་ཡིན་པ་དང་ད་བར་ལི་ཐང་དུ་ཟླ་ཕྱེད་ཙམ་བཞུགས་ཡོད། གྲོང་ཚོ་དེར་ཡུལ་སྐོར་བ་མང་པོ་འདུག ཡུལ་སྐོར་བ་ཁྲེན་ལགས་ཀྱིས་གྲོང་ཁྱེར་ཆེན་པོའི་ཟང་ཟིང་དང་རྒྱང་དུ་གྱེས་ནས་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ལ་བདེ་བར་རོལ་ན་སེམས་ཁམས་གསོ་ཐུབ་ཅེས་བརྗོད།
མཐོ་གྲང་རི་ཁུལ་དང་བསྡུར་ན་ལི་ཐང་རྫོང་གྲོང་གི་ནུབ་རྒྱུད་དུ་གནས་པའི་མོ་གཡག་རྩྭ་ཐང་དེ་བས་སྐྱིད་སྣང་དོད། དབྱར་དུས་སྔོ་ཐིང་ཐིང་གི་རྩྭ་ཐང་རྒྱ་མཚོ་ལྟར་མུ་མཐའ་མི་མངོན་ཞིང་། གྱ་གྱུར་རྒྱུག་ པའི་གཙང་འགྲམ་དུ་འབྲི་གཡག་ཁྱུ་ཚོགས་སྐོམ་སེལ་ཆུ་འཐུང་བར་བྲེལ་བཞིན་ཡོད། ཁྲུང་ཁྲུང་དང་། ཆུ་སྲམ། གཙོད་སོགས་རི་དྭགས་མང་པོ་དེ་གར་འཚོ་གནས་བྱེད་ཀྱི་ཡོད། ཁྱེད་རང་མོ་གཡག་རྩྭ་ཐང་དུ་བསྐྱོད་ན་རང་བྱུང་ཁམས་ཀྱི་པང་ལ་ལོག་པ་ལྟར་གྱི་སྣང་བ་སྟེར།
རྒྱལ་ལམ་318ཁྲོན་བོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་འཐུས་ཚང་དུ་སོང་བ་དང་བསྟུན་ནས་སྦག་སྦག་བཞོན་ནས་ཡུལ་སྐོར་བྱེད་སྲོལ་དར་ཁྱབ་ཆེན་པོ་བྱུང་ཡོད། ལོ་73ལ་སླེབས་པའི་བསོད་ནམས་ཀྱིས་རང་ཁྱིམ་གྱི་སྡོད་ཁང་ས་ཚིགས་ལ་སྒྱུར་བཀོད་བྱས་ནས་སྦག་སྦག་བཞོན་མཁན་ལ་རིན་གོང་འཚམ་པའི་ཉལ་ཁང་མཁོ་འདོན་བྱེད་ཀྱི་ཡོད། ཁོང་གིས་ལས་ཀ་དེ་གཉེར་ནས་ལོ་10ལྷག་ཙམ་སོང་བ་དང་ལོ་ལྟར་གྱི་ཟླ་3པ་ནས་ཟླ་11པའི་བར་གངས་ཆེན་བབས་ནས་ལམ་འགག་མེད་ན། དེ་གར་ཡུལ་སྐོར་བ་མཚམས་མི་ཆད། ས་ཚིགས་ཆུང་ཆུང་དེས་ལོ་ལྟར་ཡུལ་སྐོར་བ་མི་ཐེངས་ཁྲི་1ཙམ་ལ་སྣེ་ལེན་ཞུ་གི་ཡོད་པས་ད་ལྟ་སྦག་སྦག་བཞོན་ནས་ཡུལ་སྐོར་བྱེད་སྲོལ་དེ་དར་ཁྱབ་ཇི་ལྟར་སོང་བ་གྲངས་གཞི་འདི་ལས་ཤེས་ཐུབ།
“རྙིང་པ”དང“གསར་པ”
རྟ་རྒྱུག་སོགས་སྲོལ་རྒྱུན་བྱེད་སྒོ་ཐད་གཏོང་བྱས་པས་ཁྱད་ལྡན་ཐོན་ལས་དུས་བསྟུན་འཕེལ་རྒྱས་བྱུང་བ།
ལི་ཐང་གི་རྟ་རྒྱུག་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ལོ་ལྟར་གྱི་བོད་ཟླ་དྲུག་པར་འཆར་ཅན་རྟ་རྒྱུག་དུས་ཆེན་གཏོང་གི་ཡོད་ཅིང་། དེ་ཡང་ལོ་400ལྷག་ཙམ་རྒྱུན་མཐུད་ཐུབ་ཡོད། དེ་ནས“བརྒྱད་གཅིག་རྟ་རྒྱུག་དུས་ཆེན”ལ་རིམ་བཞིན་འགྱུར་ལྡོག་བྱུང་། དུས་ཆེན་རིང་། ཁྱིམ་ཚང་སོ་སོའི་ནང་མིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པ་དང་ཞིམ་ཟས་གྲ་སྒྲིག་བྱས་ཏེ་རྩྭ་ཐང་སྟེང་འཛོམས་ནས་རྟ་རྒྱུག་དུས་ཆེན་གཏོང་གི་ཡོད།
དུས་རབས་འཕེལ་རྒྱས་ཕྱིན་པ་དང་སྦྲགས་གཞོན་ནུ་ཚོའི་རིག་གནས་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་སྟབས་རྟ་རྒྱུག་ལ་དགའ་པོ་བྱེད་མཁན་དེ་ཙམ་མང་པོ་མེད་པས་ལི་ཐང་རྫོང་གི་རྟ་རྩལ་འཁྲབ་སྟོན་གྱི་རྒྱུན་འཛིན་པ་ཡང་སྐབས་ཤིག་རིང་མངོན་གསལ་དོད་པོས་ཉུང་དུ་སོང་ཡོད།
གང་འདྲ་བྱས་ནས་དུས་བསྟུན་འཕེལ་རྒྱས་གཏོང་དགོས་སམ། འགག་རྩ་ནི་ས་གནས་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་མཉམ་འདྲེས་ཡོང་བར་བྱེད་དགོས། ལོ་འདི་དག་རིང་ལི་ཐང་གི་རྟ་རྒྱུག་འགྲན་བསྡུར་ནང་རྟ་བཞོན་པ་དང་། གླུ་གར་འཁྲབ་སྟོན། ཞིམ་ཟས་འགྲེམས་ཚོང་སོགས་ཀྱི་ནང་དོན་བཅུག་ནས་ཤང་གྲོང་ཁག་གི་རྟ་རྒྱུག་དུས་ཆེན་ཆུང་གྲས་དང་མཉམ་འདྲེས་བྱས་ཏེ་ཁྱད་ལྡན་ཡུལ་སྐོར་གྱི་ལམ་ཐིག་ཤིག་བཏོད་པས། རྟ་གསོ་བ་དང་རྟ་རྒྱུག་གཏོང་བ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་ཁྲིད་ཐུབ་ཡོད།
སྣེ་མང་རིག་གནས་མཉམ་འདྲེས་གསར་བརྗེ་བྱས་པ་བརྒྱུད། ཐག་རིང་གི་གྲོང་རྡལ་ཆུང་ངུར་ད་དུང་སྲོལ་རྒྱུན་དང་དམིགས་བསལ་གྱི་ཁྱད་ཆོས་ལྡན་དགོས་ན་རང་འགུལ་ངང་གསར་གཏོད་བྱེད་རྒྱུ་ནི་གལ་ཆེན་པོ་རེད། རྟ་རྩལ་དང་། ལྷ་མོ། འཁེལ་འཐག་སོགས་སྲོལ་རྒྱུན་རྩལ་ནུས་མང་པོ་ལི་ཐང་གི་གཞོན་ནུ་ཚོས་ཐད་གཏོང་ཐབས་ལམ་ལ་བརྟེན་ནས་ངོ་སྤྲོད་བྱེད་པ་དང་། བརྙན་ལམ་ཐུང་ངུའི་ལས་སྟེགས་བརྒྱུད་རང་བྱུང་མཛེས་ལྗོངས་ནས་དམངས་སྲོལ་གོམས་གཤིས་ངོ་སྤྲོད་བྱས་པར་བརྟེན་ལི་ཐང་གི་མིང་གྲགས་ས་ཕྱོགས་གང་སར་ཁྱབ་ཡོད། བརྙན་ལམ་ཐུང་ངུ་དར་བ་ལས་ལི་ཐང་ལ་རིག་གནས་ཀྱི་སྐར་ཁུང་གསར་པ་ཞིག་ཕྱེ་སྟེ་ཧྥེན་སི་ཁྲི་ལྷག་ཙམ་ཟིན་པའི་དྲ་རྒྱའི་ཐད་གཏོང་བ་30ལྷག་ཙམ་སྐྱེད་སྲིང་ཐུབ་ཡོད།
དྲ་རྒྱའི་ཁོར་ཡུག་གཙང་མ་ཞིག་གཏོད་ཆེད། ལི་ཐང་གིས་གནས་ཀྱིས་གནས་ལ་ཕྱོགས་པའི་རོགས་སྐྱོར་ལམ་སྲོལ་བཙུགས་ཏེ། སྲིད་ཇུས་དྲིལ་བསྒྲགས་དང་། དྲ་ཐོག་ཚོང་དོན་གསོ་སྦྱོང་། འགྲན་བསྡུར་རྣམ་གྲངས་གསར་གཏོད་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་དྲ་རྒྱའི་ཐད་གཏོང་བར་དྲང་ཕྱོགས་ཀྱི་ཁྲིད་སྟོན་བྱས་ཡོད། “ང་ཚོས་འཚར་ལོངས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ་དང་དྲང་ནུས་ཀྱིས་ཁེངས་པའི་ལས་ཞུགས་ཀྱི་ལས་གནས་གསར་པ་མཁོ་འདོན་བྱས་ཏེ། གཞོན་ནུ་དེ་བས་མང་བ་ཕ་ཡུལ་དུ་ལོག་ནས་ལི་ཐང་གི་གཏམ་རྒྱུད་བརྗོད་མཁན་ཞིག་བྱེད་པའི་ཡིད་དབང་འགུག་གི་ཡིན”ཞེས་ལི་ཐང་རྫོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལིའུ་པོས་བརྗོད།
“ཉམས་པ”དང“དར་བ”
“དྲ་ཐོག་མིང་ཅན”གྱི་གྲོང་ཁྱེར་ཡུན་རིང་སྐད་གྲགས་ཆོད་པར་བྱེད་དགོས་ཚེ། ངེས་པར་དུ་ཁྱད་ལྡན་ལ་གཞི་ཚུགས་པ་དང་ལེགས་ཆ་རྒྱུན་སྲིང་ཐུབ་པར་བྱེད་དགོས།
2020ལོའི་ཟླ་11པར། ལི་ཐང་གི་ཕོ་གསར་བསྟན་འཛིན་བརྩོན་འགྲུས་ཀྱི་བརྙན་ཐུང་དྲ་ཐོག་ཏུ་སྐད་གྲགས་ཆོད་ཅིང་། ལི་ཐང་གྲོང་ཁྱེར་གྱི་དྲིལ་བསྒྲགས་པར་གཞི་དྲ་ཐོག་ཏུ་བཏོན་རྗེས་ཆུ་ཚོད་72ནང་ལྟ་མཁན་མི་གྲངས་དུང་ཕྱུར་7ལྷག་ཙམ་ཟིན་པ་དང་། “ལི་ཐང”ཞེས་པའི་གྲོང་ཁྱེར་དྲ་རྒྱར་འཚོལ་བཤེར་བྱེད་ཚད་620%མང་དུ་ཕྱིན་ནས་གློ་བུར་དུ“དྲ་ཐོག་མིང་ཅན་གྱི་གྲོང་ཁྱེར”ལ་གྱུར།
རྒྱུག་འབོར་དེ་རིག་གནས་དང་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་ནུས་པར་གྱུར་ཅིང་། 2021ལོའི་རྒྱལ་སྟོན་གུང་གསེང་སྐབས་ལི་ཐང་རྫོང་གི་ཡུལ་སྐོར་ཡོང་འབབ་དུས་མཚུངས་ལས་72.4%འཕར་ཡོད། རིམ་རྩིས་བྱས་ན་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་160ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་39.8བྱུང་ཡོད། ལི་ཐང་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་དགའ་གཡང་གིས་2022ལོར་ལི་ཐང་རྫོང་གི་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་ཀྱིས་རྫོང་ཡོངས་ཀྱིGDPཡི་26%བཟུང་ཡོད་ཅེས་བརྗོད།
དོ་ཁུར་བྱེད་མཁན་ཇི་ཙམ་མང་བ་ཡོད་པ་དེ་ཙམ་གྱིས་འགྲན་སློང་མང་པོ་འཕྲད་ནས་ལི་ཐང་གིས་ཞན་ཆ་རེ་རེ་བཞིན་སེལ་རྒྱུར་སྐུལ་ལྕག་ཐེབས་ཡོད། “ཡུན་རིང་སྐད་གྲགས་ཆོད་དགོས་ན་གོམ་པ་བརྟན་པོ་སྤོ་དགོས”ཞེས་དགའ་གཡང་གིས་བརྗོད་པ་དང་། ཁོང་གིས་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཁེབས་ཁྱོན་ཆེ་བས། རྫོང་གི་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་འཕེལ་རྒྱས་ཀྱི་གནད་དོན་སྐོར་ལ་ཆེད་དོན་དཔྱད་བསྡུར་བྱེད་དགོས། རིག་གནས་དང་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བའི་ཁྲོད་ལི་ཐང་གིས“སེམས་རྣལ་དུ་ཕབ”ནས་མཐོར་གཏོང་ལ་སྐུལ་འདེད་གཏོང་དགོས་ཞེས་བརྗོད།
ཞབས་ཞུ་སྔར་བས་ཆེད་ལས་ལྡན་པར་བྱས་ཤིང་། རྫོང་གྲོང་གི་གསོལ་མགྲོན་ཁང་གི་གྲངས་ཚད་མུ་མཐུད་འཕར་ཏེ་གསོལ་མགྲོན་ཁང་450ལྷག་ཙམ་ཟིན་ཡོད། ས་གནས་ཀྱིས་ལས་ཞུགས་མི་སྣའི་རྩལ་ནུས་གསོ་སྦྱོང་དང་རིག་གནས་ཡུལ་སྐོར་གྱི“ཇུས་འདོན་ཚོགས་པ”སྒྲིག་འཛུགས་བྱས་པ་དང་། དམངས་སྲོལ་གནས་ཚང་འཕེལ་རྒྱས་ལ་ལྕག་སྐུལ་ཤུགས་ཆེན་བྱས་པར་རྫོང་ཡོངས་སུ་དམངས་སྲོལ་གནས་ཚང་གི་གྲངས་འབོར་100ལྷག་ཙམ་ཟིན་ཡོད།
ལེ་ལག་ཚང་བའི་སྒྲིག་བཀོད་མཐོར་གཏོང་བྱས་ཤིང་། སྔ་རྗེས་སུ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་3ལྷག་ཙམ་བཏང་ནས་ལི་ཐང་དེ་ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། 2022ལོར་རིག་གནས་དང་ཡུལ་སྐོར་གྱི་གྲངས་གཞི་ཆེན་པོའི་ལྟེ་གནས་བསྐྲུན་པ་དེས་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་གྲངས་གཞི་ཅན་སྤྱི་བསྡོམས་ཐུབ་ནས་གྲོང་ཁྱེར་དེ་ཉིད་སྔར་བས་རིག་ནུས་ལྡན་པར་གྱུར་ཡོད།
དྲ་ཐོག་མིང་ཅན་གྲོང་ཁྱེར་དུ་གྱུར་པ་ལས་རིག་གནས་དང་དཔལ་འབྱོར་གྱི་གསོན་ཤུགས་སྔར་བས་འཕེལ་བ་མཚོན་ཐུབ། ཀྲི་ཅང་སློབ་ཆེན་གྱི་ཡུལ་སྐོར་དང་སྤྲོ་གསེང་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཡན་ལི་ཅའོ་ཡིས་དྲ་ཐོག་མིང་ཅན་གྲོང་ཁྱེར་ཡུན་རིང་སྐད་གྲགས་ཆོད་པ་དེ་གསར་གཏོད་ཡང་ཡང་བྱས་པ་དང་ཁ་བྲལ་ཐབས་མེད་པས། “ཐོན་ལས་འཁོར་འབྲེལ་ཧྲིལ་པོར་བསམ་གཞིག་བྱ་རྒྱུ་ནས་འགོ་བརྩམས་ཏེ‘ཟས་སྡོད་སྐྱོད་གསུམ་དང་། སྐོར་ཉོ་རོལ་གསུམ’གྱི་ལྷུ་ལག་སོ་སོར་ཁྱད་ཆོས་ལྡན་པ་དང་། ཁྱད་ལྡན་ལ་གཞི་ཚུགས་པ། ལེགས་ཆ་རྒྱུན་སྲིང་བྱེད་པ། གྲོང་ཁྱེར་གྱི་བཀྲག་མདངས་འཚེར་ས་མངོན་པར་བཅས་བྱས་ཚེ། ཡུལ་སྐོར་བའི་ཡིད་དབང་རང་བཞིན་གྱིས་འགུག་ཐུབ་པའི”ངོས་འཛིན་བྱས་ཡོད།