དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་རྒྱུན་མཐུད་གོ་སྐབས་སྦྱིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-21

    2023ལོར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་གོང་མ་ལས་5.2%འཕར་ནས་འཕར་ཚད་དེ་གོ་ལ་ཧྲིལ་པོའི་སྔོན་དཔག་འཕར་ཚད་ལས་3%ཙམ་གྱི་མཐོ་བ་ཡོད་པ་དང་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་མདུན་གྲལ་དུ་སླེབས་ཡོད། 2024ལོར་ཀྲུང་གོའི་དཔལ་འབྱོར་འཕར་བའི་དུས་བབ་སྔར་བཞིན་ལེགས་སུ་ཕྱིན་པ་དང་རྒྱལ་སྤྱིའི་སྒྲིག་གཞི་མང་པོ་ཞིག་གིས་ཉེ་ཆར་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྔོན་དཔག་མཐོ་རུ་བཏང་ཡོད།

    འདི་ལོའི་ཟླ་དང་པོར་འཚོགས་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2024ལོའི་ལོ་ཚོགས་ཐོག་རིགས་གཅིག་མཁས་ཅན་དང་། མཁས་དབང་། ཁེ་ལས་མཁས་ཅན་བཅས་མང་པོ་ཞིག་གིས་འདི་ལོའི་ཀྲུང་གོའི་གཞི་ཆེའི་དཔལ་འབྱོར་གྱི་འཕེལ་ཕྱོགས་ལ་དགེ་མཚན་ལྡན་པའི་ཚོད་དཔག་བྱས་ཡོད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཙུང་ཚའེ་པོར་ཀེ·པུའུ་ལུན་ཏེ་ཡིས་ཁྲོམ་རའི་ཤོང་ཚད་ཧ་ཅང་ཆེ་བའི་ཀྲུང་གོ་འདི་ཉིད་མུ་མཐུད་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། ལོ་འདི་དག་རིང་། ངས་སྒྱུར་བཅོས་སྒོ་དབྱེ་ལས་བྱུང་བའི་ཀྲུང་གོའི་འཕེལ་རྒྱས་ཀྱི་ངོ་མཚར་ལ་བདེན་དཔང་བྱས་ཡོད། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གསོ་དང་ཚན་རྩལ་གསར་གཏོད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་རྒྱལ་ནང་གི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ཚེ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་གདིང་སྤོབས་ཆེན་པོ་ལྡན་ངེས་རེད་ཅེས་བརྗོད།

    ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་འཕར་བས་ཕྱོགས་མང་པོའི་ཐད་ནས་འཛམ་གླིང་ལ་གོ་སྐབས་མཁོ་འདོན་བྱས་ཡོད། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དེ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་བའི་སྒུལ་ཤུགས་ཤིག་རེད། ཕྱོགས་ཁག་གིས་ཀྲུང་གོ་དང་ཚོང་དོན་འབྲེལ་བ་ཟབ་མོ་བཙུགས་པས་ཀྲུང་གོའི་ཚོང་ཟོག་དང་ཞབས་ཞུའི་ཁྲོད་ནས་ཕན་པ་ཐོབ་ཡོད་པ་དེ་ནི་རྒྱལ་སྤྱིའི་ཚོང་དོན་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་རེད། ཀྲུང་གོས་ཚན་རྩལ་གསར་གཏོད་ལ་མ་འཇོག་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཀྲུང་གོས་བཟོས་པ་དང་ཀྲུང་གོས་གསར་གཏོད་བྱས་པ་ལས་གོ་ལ་ཧྲིལ་པོའི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་ནས་གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་དང་རྒྱུན་མཐུད་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་རྒྱུ་རེད།

    (རྩོམ་པ་པོ་ནི་སི་ཕེན་གྱི་ཁྲོམ་ར་དབྱེ་ཞིབ་པ་དང་ཆེད་སྒྲིག་ལེ་ཚན་གྱི་རྩོམ་པ་པོ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།