དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “འོད་ཤུགས་གློག་ཁང་འདི་ལས་ང་ཚོར་སྤོབས་པ་སྐྱེས་ཀྱི་འདུག”

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-21

    བྷང་ག་ལའི་རྒྱལ་ས་ཏ་ཁ་དང་བར་ཐག་སྤྱི་ལེ་120ཙམ་ཡོད་པའི་མའེ་མོན་ཤིན་ས་ཁུལ་དུ་རྒྱལ་ཁབ་དེའི་འོད་ཤུགས་གློག་ཁང་ཆེ་གྲས་གཉིས་པ་དེ་ཡོད། ཀྲུང་གོའི་ཉི་ནུས་གློག་རྫས་ལེབ་མོ་ཁྲི་17ཙམ་གྱིས་ཉི་འོད་ནུས་པའི་གློག་དུད་ཚང་ཁྲི་སྟོང་མང་པོར་གཏོང་གི་ཡོད།

    2019ལོར་བྷང་ག་ལའི་གློག་ཤུགས་དགོས་མཁོ་སྐོང་བ་དང་ས་གནས་དེ་གའི་གློག་ཤུགས་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་ཆེད། ཀྲུང་གོ་ཧྭ་གློག་ཕྱི་རྒྱལ་མ་འཇོག་ཚད་ཡོད་ཀུང་སིས་མ་རྐང་ཚོད་འཛིན་བྱས་པའི་ཧྭ་ཤིན་གློག་ཤུགས་ཚད་ཡོད་ཀུང་སིས་མ་འཇོག་བྱས་པ་དང་ཧྥུའུ་ཅན་ཡུང་ཧྥུའུ་གློག་ཤུགས་ཇུས་འགོད་མ་རྐང་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་མའེ་མོན་ཤིན་འོད་ཤུགས་རྣམ་གྲངས་སྐྲུན་འགོ་ཚུགས་པ་རེད། རྣམ་གྲངས་དེ་2020ལོའི་ལོ་མཇུག་ཏུ་སྤྱོད་འགོ་ཚུགས་པ་དེ་ནི་སྐབས་དེ་དུས་ཀྱི་བྷང་ག་ལའི་འོད་ཤུགས་གློག་ཁང་ཆེ་ཤོས་དེ་ཡིན་པ་རེད།

    “སྐབས་དེ་དུས་ཏོག་གསར་རིམས་ནད་སོགས་ཀྱི་ཤུགས་རྐྱེན་ཐེབས་རུང་རྣམ་གྲངས་དེ་ལོ་གཅིག་ཙམ་ནང་བསྐྲུན་ཟིན་པས‘ཀྲུང་གོའི་མྱུར་ཚད’མངོན་ཡོད”ཅེས་བྷང་ག་ལའི་ལག་རྩལ་ཆེ་མོ་བ་ཧྥེ་སར་གྱིས་བཤད་པ་རེད།

    རྣམ་གྲངས་འཛུགས་སྐྲུན་མགྱོགས་པ་མ་ཟད། འཛུགས་སྐྲུན་དང་གཉེར་སྐྱོང་གི་སྤུས་ཚད་ལའང་བསྔགས་བརྗོད་ཐོབ་ཡོད། ཧྥེ་སར་གྱིས་རྣམ་གྲངས་དེ་ནི་བྷང་ག་ལས་ཀྲུང་གོའི་ཚད་གཞི་ལྟར་བསྐྲུན་པའི་འོད་ཤུགས་རྣམ་གྲངས་ཐོག་མ་དེ་ཡིན་པས་བྷང་ག་ལ་རྒྱལ་ཁབ་ཀྱིས་ནུས་རྒྱུ་གསར་པ་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་པར་བརྟེན་བྷང་ག་ལའི་གློག་ཤུགས་འཕེལ་རྒྱས་ཨུ་ལྷན་སོགས་སྡེ་ཚན་མང་པོའི་ཁས་ལེན་ཐོབ་ཡོད་ཅེས་བཤད་པ་རེད།

    གློག་ཁང་སྤྱོད་འགོ་ཚུགས་ནས་ལོ་3ལྷག་ཙམ་སོང་རིང་། རིམ་རྩིས་བྱས་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་3ཙམ་ཟིན་ནས་བྷང་ག་ལའི་དབུས་རྒྱུད་ས་ཁུལ་གྱི་གློག་ཁུངས་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    “འོད་ཤུགས་གློག་ཁང་འདི་ལས་ང་ཚོར་སྤོབས་པ་སྐྱེས་ཀྱི་འདུག” མའེ་མོན་ཤིན་དུ་གནས་པའི་བྷང་ག་ལའི་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལཱ་ཧྥེ་ཁེས། འོད་ཤུགས་གློག་ཁང་གིས་ས་གནས་དེ་གའི་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་ཡོད། “གྲོགས་པོ་ཀྲུང་གོ་བས་དེ་གར་མ་འཇོག་བྱས་ནས་འཛུགས་སྐྲུན་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད་པ་རེད།

    ས་གནས་དེ་གའི་གྲོང་མི་ཝུའུ་ཏིང་གིས་གསར་འགོད་པར་འོད་ཤུགས་གློག་ཁང་གིས་ང་ཚོར་ཕན་པ་མང་པོ་སྐྲུན་ཡོད། ད་ཆ་ངའི་གཉེན་ཉེ་དང་གྲོགས་པོ་མང་པོ་ཞིག་གློག་ཁང་དུ་ལས་ཀ་བྱེད་བཞིན་ཡོད་ཅེས་བཤད་བྱུང་།

    མིག་སྔར། གློག་ཁང་དེས་ལོ་ལྟར་བྷང་ག་ལ་རྒྱལ་ཁབ་ལ་ཐཱན་འབུད་ཚད་ཏུན་ཁྲི་5ལྷག་ཙམ་ཉུང་དུ་གཏོང་བ་མ་ཟད། 2023ལོར་རྒྱལ་སྤྱིའི་VCSཡི་ཚད་གཞིའི་ཁས་ལེན་ཐོབ་ནས་ཐཱན་གྱི་རྒྱུ་ནོར་ཉོ་ཚོང་བྱེད་དབང་ཡང་ཐོབ་ཡོད་པ་རེད།

    “ང་ཚོས་བྷང་ག་ལ་རུ་ལྗང་མདོག་འཕེལ་རྒྱས་ཀྱི་ཚོང་ལས་བྱེད་སྟངས་ལག་ལེན་ཧུར་ཐག་བསྟར་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག མ་འཇོག་ལ་བརྟེན་ནས་ཀྲུང་གོའི་ལག་རྩལ་དང་། ཀྲུང་གོའི་ཚད་གཞི། ཀྲུང་གོའི་སྒྲིག་ཆས་བཅས་འཛམ་གླིང་ལ་ཕྱོགས་རྒྱུར་སྐུལ་ཁྲིད་ཐུབ་རྒྱུའི་རེ་བ་ཡོད”ཅེས་ཧྭ་ཤིན་གློག་ཤུགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲོའུ་ཅིན་ཧྲུན་གྱིས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།