ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ནུས་ཤུགས་ཡོད་རྒུས་གཞུང་ལམ་ཤར་གཏོང་དང་བདེ་འཇགས་ཡོང་བའི་འགན་ལེན་བྱས་པ།
འགྲིམ་འགྲུལ་བདེ་འཇགས་ཀྱི་འགག་སྒོ་ཡག་པོ་བསྲུངས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་བ།
སྒམ་བརླིང་ལྡན་པའི་གུས་འདུད་དང་། ལྟ་རྟོག་ཞིབ་ཚགས། གཏམ་སྤྱོད་གཅིག་མཚུངས་བཅས་ལས་དུས་རབས་གསར་པའི་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པའི་གཟུགས་བརྙན་མངོན་ཡོད། གྲང་ངར་ཆེ་བའི་དགུན་དུས་སུ་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་གྲང་ངར་ལ་མ་འཛེམས་པར་གནའ་གྲོང་ལྷ་སའི་འགྲིམ་འགྲུལ་སྔར་བས་བདེ་འཇགས་ངང་ཤར་གཏོང་ཐུབ་པའི་ལས་ལ་གཞོལ་བཞིན་མཆིས།
སྐོར་གཡེང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱས་པ།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེ་མོའི་སྐོར་གྱི་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དགུན་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་དང་འགྲོ་ལམ་འགྲིམ་འགྲུལ་བཅོས་སྒྲིག་བྱ་སྤྱོད་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་རིམ་ཁག་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་རྒྱལ་ལམ་དང་ཞིང་ཆེན་ལམ་དུ་ལམ་བཤེར་ལས་དོན་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཡོང་བའི་འགན་ལེན་ཧུར་ཐག་བྱས་ཡོད།
བྱ་སྤྱོད་སྤེལ་རིང་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ལམ་ངོས་སུ་ཉེན་རྟོག་པ་མང་དུ་བཏང་བ་དང་དོ་དམ་ཤུགས་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ལམ་ངོས་ཀྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། ལས་སྒྲུབ་མི་དམངས་ཉེན་རྟོག་པས་དགུན་དུས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་དམིགས་ཏེ་རླངས་འཁོར་འགྲོ་སྐྱོད་ཅུང་མང་བ་དང་། ལས་འཛོལ་ཐོན་མང་བའི་ལམ་དུམ། གངས་འཁྱགས་ལམ་དུམ། གཡང་གཟར་ལམ་དུམ་བཅས་སུ་སྐོར་སྐྱོད་སྐོར་གཡེང་དང་གནས་གཏན་འཁེལ་གྱི་ཞིབ་བཤེར་ཟུང་འབྲེལ་བྱེད་ཐབས་སྤྱད་དེ“ཚད་བརྒལ་གསུམ་དང་ངལ་དུབ་གཅིག”དང་། འཁོར་རྟགས་དང་ལག་ཁྱེར་དང་འབྲེལ་བ་ཡོད་པ། ཆང་བཏུངས་འཁོར་གཏོང་། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ། སྲུང་ཐག་མ་བཅིངས་པར་རླངས་འཁོར་གཏོང་བ། ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་དང་ཡོ་བསྲང་བྱས་པ་རེད།
ལས་སྒྲུབ་མི་དམངས་ཉེན་རྟོག་པས་བཅོས་སྒྲིག་བྱེད་ཀྱིན་དྲིལ་བསྒྲགས་མཐའ་འཁྱོངས་ཀྱིས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོད་པའི་ཁ་ལོ་བར་དུས་ཐོག་ཏུ་དག་ཐེར་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་ཡོད།
ལམ་བུ་ཤར་གཏོང་བྱས་ནས་དམངས་ལ་ཞབས་འདེགས་ཏན་ཏིག་ཞུས་པ།
ཉེ་ཆར། གྲང་ངར་ཆེ་བའི་གནམ་གཤིས་རྒྱུན་མཐུད་བསྟན་པས་ལྷ་ས་གྲོང་ཁྱེར་དུ་དྲོད་ཚད་ཆག་སྟེ་གངས་བབས་པ་སོགས་ལས་མང་ཚོགས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མི་ཉུང་བ་ཞིག་འཕྲད་ཡོད། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཏན་ཏིག་བསལ་ནས་དགུན་དུས་གཞུང་ལམ་ཐོག་འཁོར་རིགས་བདེ་འཇགས་ངང་ཤར་གཏོང་ཡོང་བའི་འགན་ལེན་བྱ་ཆེད། ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་རང་སོ་སོའི་ཁོངས་གཏོགས་ཁུལ་གྱི་འཁྱག་པ་ཐེབས་སླ་བའི་ལམ་དུམ་དུ་ཚྭ་བཤོས་ནས་འཁྱགས་པ་བཞུ་ཐབས་ཀྱི་ལས་དོན་སྤེལ་ཡོད།
ལས་དོན་སྤེལ་རིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་ཁག་གིས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། སྒྲིག་འཛུགས་ཞིབ་ཚགས་དང་ཉེན་རྟོག་པ་བཀོད་སྒྲིག་ལུཌ་མཐུན་བྱས་ནས་ཞོགས་པ་སྔ་པོ་ནས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་གནས་ཚུལ་ལ་སྐོར་ཞིབ་བྱས་ཁར། ཁོངས་གཏོགས་ཁུལ་དུ་རླངས་འཁོར་འགྲོ་སྐྱོད་མང་བ་དང་། ལས་འཛོལ་ཐོན་མང་བ། འཁྱག་པ་ཐེབས་སླ་བའི་ལམ་དུམ་ལ་ཚྭ་བཤོས་ནས་འགྲོ་འོང་རླངས་འཁོར་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད།
ཕྱོགས་བསྡུས་བཅོས་སྒྲིག་ཟབ་ཏུ་བཏང་ནས་ཕྱིར་སྐྱོད་ཁོར་ཡུག་ལེགས་སུ་བཏང་བ།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་རིགས་ཁག་དབར་ཕན་ཚུན་མཉམ་ལས་དང་གཞོགས་འདེགས་བྱས་ནས་མཉམ་འགུལ་གྱི་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ། ནུས་ཤུགས་ཡོད་རྒུས་འགྲོ་ལམ་འགྲིམ་འགྲུལ་བཅོས་སྒྲིག་གི་ལས་ཀའི་བྱ་ཐབས་ཁག་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས། འགྲོ་ལམ་འགྲིམ་འགྲུལ་གྱི་བཅོས་སྒྲིག་བྱ་སྤྱོད་ལ་ཕན་འབྲས་དངོས་ཐོན་པར་བྱས་ཡོད།
འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྒྲིག་ལམ་དོ་དམ་རུ་ཆེན་གྱིས་བརྒྱད་གཅིག་ལམ་དང་དགུང་སྔོན་ལམ་སོགས་ལམ་དུམ་གྱི་ལམ་བཞི་མདོ་ཁ་5ཡི་གློག་དམར་པོ་དང་ལྗང་ཁུ་ཁྱོན་ཁག་5ཉམས་གསོ་དང་སྲུང་སྐྱོང་བྱས་པ་དང་། ནོར་སྟོད་ལམ་གྱི་ལམ་བཞི་མདོ་ཁ་3གྱི་འགྲིམ་འགྲུལ་ལམ་སྐྱོར་ཁྱོན་སྨི་915ཉམས་གསོ་དང་སྲུང་སྐྱོང་བྱས་པ། བྱང་སྐོར་ལམ་གྱི་ལམ་བཞི་མདོ་ཁ་2ཀྱི་འགྲིམ་འགྲུལ་མཚོན་རྟགས་ཀྱི་བྱང་བུ་6བཤིག་པ་དང་བརྗེས་ཡོད།
འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཁག་དང་མཉམ་དུ་ཐེན་ཧའེ་མཚན་ཁྲོམ་དང་། གྲོང་བྱང་འགྲུལ་སྐྱེལ་ས་ཚིགས། དམངས་སྤྱོད་མཁའ་འགྲུལ་ཅུས། མེ་འཁོར་བབས་ཚུགས་སོགས་ས་ཁོངས་སུ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ནས་དྲ་འབོད་རླངས་འཁོར་36དང་། གླ་བྱེད་རླངས་འཁོར་44 ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་40བཅས་ལ་ཞིབ་བཤེར་བྱས་ཏེ་སྒྲིག་འགལ་གླ་བྱེད་རླངས་འཁོར་2ཐག་གཅོད་བྱས་པ་དང་མི་6ལ་སློབ་གསོ་དང་ཐ་ཚིག་སྒྲོག་པ་རེད།
འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་ཡོངས་སུ་གློག་སྒུལ་འཁོར་རིགས་ཀྱི་ཟང་ཟིང་ཆེ་བའི་སྣང་ཚུལ་བཅོས་སྒྲིག་དང་། འཕྲུལ་སྒུལ་འཁོར་རིགས་དང་འཕྲུལ་སྒུལ་འཁོར་རིགས་མིན་པའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། འཁོར་རྟགས་མེད་པར་ལམ་དུ་སྐྱོད་པ་དང་། ཆང་བཏུངས་རྗེས་རླངས་འཁོར་གཏོང་བ། གློག་སྒྲོན་དམར་པོར་མི་ལྟ་བ། ཁྲིམས་འགལ་ངང་བཟོ་བཅོས་རྒྱག་པ། སྲུང་ཞྭ་གྱོན་མེད་པ། མི་ཚད་ལས་བརྒལ་ནས་བླུགས་པ། མྱུར་ཚད་ལས་བརྒལ་ནས་རླངས་འཁོར་གཏོང་བ་སོགས་དཔེ་མཚོན་གྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་ནན་པོ་བྱས་ཡོད། བཅོས་སྒྲིག་བྱེད་པའི་ཉིན་དེར་ཁྱོན་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་2586ཞིབ་བཤེར་ཐག་གཅོད་བྱས་པ་རེད།