དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོ་གསར་གྱི་རྣམ་པ་ཟབ། འཛད་སྤྱོད་ཀྱི་ཚ་རླབས་འཕྱུར། དགའ་བདེ་ཡི་དཔལ་ལ་རོལ།

    —— 2024ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-21

    2024ལོར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཉམ་དུ་འཁེལ་བས་རྒྱུན་གཏན་དང་མི་འདྲ་བའི་འཁྲུག་ཆ་དོད་ཅིང་། དཔྱིད་གསར་ཆ་ཡིག་འབྲི་བ་དང་། ལྒང་བཞུ་འགེལ་བ་སོགས་ལས་གངས་ལྗོངས་ས་མཐོའི་གང་སར་བཀྲ་ཤིས་པའི་ལོ་གསར་གྱི་རྣམ་པ་ཞིག་མངོན།

    དགུ་ཐུག་གི་དགོང་མོར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་སྨོན་གྲོང་སྒང་སྡེ་ཁུལ་གྱི་བོད་བཟོའི་ཁང་པ་ཞིག་གི་ནང་དགོད་སྒྲ་ལྷང་ལྷང་དུ་གྲགས་ཤིང་། ཀུན་བཟང་བདེ་སྐྱིད་ཀྱི་ཁྱིམ་དུ་ནང་མི་མཉམ་འཛོམས་ཀྱིས་དགའ་བདེའི་དཔལ་ལ་རོལ་བཞིན་ཡོད། ནང་མི་ཚོས་རླངས་པ་འཚུབ་འཚུབ་ཀྱི་དགུ་ཐུག་བཏུངས་ནས་འདས་ཟིན་པའི་ལོ་གཅིག་གི་བདེ་སྐྱིད་བྱ་བ་ཕྱིར་དྲན་བྱེད་བཞིན་ལོ་གསར་པར་ཡང་སྨོན་འདུན་བཟང་པོ་ཞུ་བཞིན་ཡོད། དགུ་ཐུག་ནང་རྒྱུན་དུ་བལ་དང་། རྡོ། སུར་པན། དཀར་ཡོལ་སོགས་སྒྲིལ་སྲོལ་ཡོད་ལ་དེ་དག་གི་མཚོན་དོན་ཡང་མི་འདྲ་བ་ཡོད། འོན་ཀྱང་དེ་དག་ལས་གང་ཞིག་དོན་ཡང་ནང་མི་ཕན་ཚུན་སྟོན་རེས་བྱས་ནས་ཁྱིམ་ཚང་བཞད་གད་ཀྱིས་ཁེངས་ཀྱི་ཡོད།

    ཟླ་2ཚེས་12ཉིན་ནི་ལོ་གསར་ཚེས་གསུམ་ཡིན་པ་དང་། དེ་ཉིན་ལྷ་སའི་བྱང་འདབས་ཀྱི་རྟ་རྒྱུག་ཐང་དུ་རྟ་རྩལ་ལུས་རྩལ་པས་དཔའ་ཉམས་དོད་པོས་རྟ་རྩལ་ངོམ་པ་དང་། བོད་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལོ་གསར་གྱི་བྱེད་སྒོ་དེ་ཡང་ལྗོངས་ཕྱི་ནང་གི་མང་ཚོགས་ཚོའི་སྤྲོ་སྣང་གཞན་ཞིག་ཏུ་གྱུར་ཡོད། འགྲན་རའི་མཐའ་སྐོར་དུ་ལྟད་མོ་བས་ཁེངས་པ་དང་ཁོང་ཚོས་རྟ་རྩལ་འཁྲབ་སྟོན་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ནས་འགྲན་ར་ཡོངས་སུ་འཁྲུག་ཆ་དོད་པའི་དུས་ཆེན་གྱི་རྣམ་པས་ཁེངས།

    འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་གུང་གསེང་རིང་རང་ལྗོངས་ཀྱི་ས་གནས་ཁག་གི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་པོ་ཡོད་པ་དང་ཡུལ་སྐོར་ཁྲོམ་ར་ཡང་ཧ་ཅང་འཁྲུག་ཅིང་། ཡུལ་སྐོར་བས་བོད་དུ་ས་མཐོའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་པ་དང་ཆབས་ཅིག ཐུན་མོང་མ་ཡིན་པའི་དམངས་སྲོལ་གོམས་གཤིས་ཀྱང་ཉམས་ལེན་བྱས་ནས་དམིགས་བསལ་གྱི་དཔྱིད་གསར་དུས་ཆེན་ཞིག་བཏང་ཡོད།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་ས་གནས་དེ་གའི་གྲོང་མིས་གཟབ་མཆོར་ལེགས་པར་སྤྲས་ཏེ་དཀར་གཙང་མཇལ་དར་དང་། བཀྲ་ཤིས་གྲོ་སོ་ཕྱེ་མར། ཞིམ་མངར་གྱི་མཆོད་ཆང་སོགས་བཀྱག་ནས་ཐག་རིང་ནས་ཕེབས་པའི་སྐུ་མགྲོན་ལ་བསུ་བ་ཞུས་པ་མ་ཟད། ཡུལ་སྐོར་བར་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་སྤྱན་འབུལ་ཞུས་ནས་ཁོང་ཚོར་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཉམས་འགྱུར་ཚོར་ཐུབ་པར་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཚོས་དེ་གའི་རང་བྱུང་མཛེས་ལྗོངས་ལ་དགའ་པོ་བྱེད་པ་མ་ཟད། ད་དུང་ཀོང་པོའི་དམངས་སྲོལ་རིག་གནས་ལའང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། མཛེས་ལྗོངས་ཁུལ་གྱིས་བཀོད་སྒྲིག་བྱས་པའི་རྟ་བཞོན་པ་དང་། བི་ཤུ་འཕེན་པ། ཇ་བསྲུབས་མ་འཐུང་བ། ཀོང་ཆས་གྱོན་པ་སོགས་ཀྱི་དམངས་སྲོལ་བྱེད་སྒོར་ཡུལ་སྐོར་བ་མང་པོ་ཞུགས་པའི་ཡིད་དབང་བཀུག་པ་དང་། ས་གནས་ས་ཐོག་ཏུ་དགའ་སྤྲོའི་རྣམ་པས་ཁེངས།

    གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མའི་འདབས་ཀྱི“ལམ་གྲོགས་ས་ཚུགས”སུ་མེས་རྒྱལ་གྱི་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་30ལྷག་ཙམ་གྱིས་དེ་གར་གནམ་གང་དགའ་གཏོང་བྱས་ཏེ་ཕན་ཚུན་སྨོན་འདུན་ཞུ་རེས་དང་བཀྲ་ཤིས་པའི་གླུ་དབྱངས་བླངས་ཏེ་དམིགས་བསལ་གྱི་རྣམ་པའི་ཐོག་ནས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས།

    གྲངས་གཞི་ལས་མངོན་པར་གཞིགས་ན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་གུང་གསེང་ཉིན་བརྒྱད་རིང་། བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་204.28ལ་སྣེ་ལེན་ཞུས་པས་དུས་མཚུངས་ལས་300.39%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་17.11ཟིན་པས་དུས་མཚུངས་ལས་364.95%འཕར་ནས་འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ཡུལ་སྐོར་ཁྲོམ་རར་འགོ་ཚུགས་བཀྲ་ཤིས་བྱུང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།