ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་བ།
ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས་པ།
ས་ཆའི་རྒྱུ་རྐྱེན་གཙོ་བོས་ལེགས་ལྡན་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་གཞི་རིམ་གྱི་འཕྲལ་སྡོམ་དོ་དམ་ནུས་པ་སྔར་བས་ཆེ་རུ་གཏོང་དགོས།
ཟླ་2ཚེས་19ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་འཚོགས་ནས《ས་ཆ་དོ་དམ་ལམ་ལུགས་སྒྱུར་བཅོས་ཀྱིས་ལེགས་ལྡན་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང《དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དེ་ཁྱོན་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《གཞི་རིམ་གྱི་འཕྲལ་སྡོམ་དོ་དམ་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ལམ་ལུགས་མགྱོགས་མྱུར་ཆགས་པར་བྱ་རྒྱུའི་སྐོར་གྱི་བསམ་འཆར》 《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་2023ལོའི་ལས་དོན་ཕྱོགས་སྡོམ་སྙན་ཞུ》 《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་2024ལོའི་ལས་དོན་གྱི་གཙོ་གནད》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གཞི་ཆེའི་སྲིད་ཇུས་དང་ས་ཁོངས་འཕེལ་རྒྱས་དབར་དེ་བས་ཕན་འབྲས་ཆེ་བའི་ངང་འབྲེལ་མཐུད་བྱེད་པའི་ས་ཆའི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཆའི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་གི་གནད་སྨིན་རང་བཞིན་དང་གོ་ཕྱོད་ཚད་ཆེ་རུ་གཏོང་བ། བྱེད་པོའི་ནུས་པ་གཅུན་སྡོམ་ནུས་ལྡན་དང་རྒྱལ་ཁབ་ཀྱི་ས་ཆ་གསར་སྤེལ་བྱ་རྒྱུ་མཐུན་སྦྱོར་གོ་རིམ་ལྡན་པའི་བར་མཐོངས་འཕེལ་རྒྱས་ཀྱི་རྣམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ས་ཆའི་རྒྱུ་རྐྱེན་གཙོ་བོས་ལེགས་ལྡན་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་ནི་ཐོན་ཁུངས་ཁོར་ཡུག་དང་སྐྱེ་ཁམས་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་ཐབས་ཇུས་ཡིན་པས། ཁྱོན་ཡོངས་ནས་ཕྱོགས་སྒྱུར་དང་། མཉམ་སྒྲུབ་ཕྱོགས་སྒྱུར། གསར་གཏོད་ཕྱོགས་སྒྱུར། བདེ་འཇགས་ཕྱོགས་སྒྱུར་བཅས་མཐའ་འཁྱོངས་དང་། “ཐཱན་གཉིས”ལས་དོན་སྣེ་ཁྲིད་དུ་བྱས་ཏེ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་བཏང་ནས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ཁྱབ་པར་བྱེད་དགོས། གཞི་རིམ་གྱི་འཕྲལ་སྡོམ་དོ་དམ་ནུས་པ་སྔར་བས་ཆེ་རུ་བཏང་ནས་འཕྲལ་སྡོམ་དོ་དམ་ལས་དོན་གྱི་སྟོབས་ཤུགས་གཞི་རིམ་དུ་ཕྱོགས་པ་དང་། འགན་ལེན་གཞི་རིམ་དུ་ཕྱོགས་པ། འགག་སྒོ་མདུན་དུ་སྤོ་བ་བཅས་ལ་སྐུལ་འདེད་བཏང་སྟེ་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་ནུས་ལྡན་ངང་འགོག་ཟོན་དང་བསལ་ནས་གནོད་འཚེའི་ལས་འཛོལ་སྣ་ཚོགས་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་བྱེད་པ་དང་། བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ་བཅས་བྱེད་དགོས། ཚན་རྩལ་དང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་གཞིགས་ནས་གསར་གཏོད་བྱེད་སྐབས་གང་ཞིག་བྱེད་དགོས་པ་དང་། སུས་གསར་གཏོད་སྒྲིག་འཛུགས་བྱེད་པ། ཇི་ལྟར་བྱས་ནས་གསར་གཏོད་ལ་རྒྱབ་སྐྱོར་དང་། སྐུལ་ལྕག སྲུང་སྐྱོང་བཅས་བྱ་རྒྱུར་གཞིགས་ཏེ་སྒྱུར་བཅོས་འགག་སྒྲོལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་གསར་གཏོད་བྱེད་པའི་རྨང་གཞིའི་ལམ་ལུགས་མགྱོགས་མྱུར་འཛུགས་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་ས་ཁོངས་ཀྱི་དཔལ་འབྱོར་བཀོད་ཇུས་དང་རྒྱལ་ཁབ་ཀྱི་ས་ཆའི་བར་མཐོངས་བེད་སྤྱོད་ལ་སྤྱི་འདོམས་ཡག་པོ་བྱས་ནས་ས་གནས་ཁག་གི་བྱེད་ནུས་ཀྱི་ངེས་གནས་དང་ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་པ་དང་། ས་ཆ་དོ་དམ་གྱི་སྲིད་ཇུས་ཞིབ་ཕྲ་བཟོ་བ། ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ལེགས་ལྡན་ས་ཁུལ་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་དེ་བས་ཡག་པོ་འདོན་དགོས། རྒྱལ་ཁབ་ཀྱི་ས་ཆའི་བར་མཐོངས་དོ་དམ་ཚོད་འཛིན་གྱི་ས་མཚམས་དོན་འཁྱོལ་ནན་པོ་བྱས་ཏེ། རྨོ་ཞིང་དང་ཡུན་རིང་གི་གཞི་རྩའི་ས་ཞིང་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་ས་མཚམས་བཅས་ཚོད་འཛིན་གྱི་ཐིག་གསུམ་ནན་པོ་སྲུང་བ་དང་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་དགོས། འཚོལ་ཞིབ་རང་བཞིན་ལྡན་ལ་ཁ་ཚ་དགོས་གཏུགས་ཀྱི་སྒྱུར་བཅོས་བྱེད་ཐབས་ཁག་གཅིག་ལ་ཞིབ་འཇུག་གཏིང་ཟབ་དང་བརྟན་ལ་གཟབ་པའི་སྐུལ་འདེད་གཏོང་དགོས་ལུགས་བསྟན་ཡོད།
ཚོགས་འདུའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ལྗང་མདོག་ཐཱན་ཉུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་མཐོངས་རྣམ་པ་བཏོད་ནས་ཐོན་ལས་ཀྱི་གྲུབ་ཆ་དང་། ནུས་རྒྱུའི་གྲུབ་ཆ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གྲུབ་ཆ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ལྗང་མདོག་ཕྱོགས་སྒྱུར་བཅས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ཆགས་པར་བྱེད་དགོས། ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱེད་པ་དང་། ཕྱོགས་ཡོངས་ནས་གྲོན་ཆུང་བྱ་རྒྱུར་སྐུལ་འདེད་གཏོང་བ། འཛད་སྤྱོད་ཕྱོགས་སྒྱུར་མགྱོགས་མྱུར་བྱེད་པ། ལྗང་མདོག་ཚན་རྩལ་གསར་གཏོད་དང་སྔོན་ཐོན་ལྗང་མདོག་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་རྒྱབ་སྐྱོར་བྱེད་པའི་ནོར་ཁྲལ་དང་། དངུལ་རྩ། མ་འཇོག རིན་གོང་བཅས་ཀྱི་སྲིད་ཇུས་དང་འབྲེལ་ཡོད་ཁྲོམ་ར་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ལམ་ལུགས་ཀྱི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་གཅིག་ནང་། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་བཏོན་པའི་བླང་བྱ་གསར་པ་ཁོང་དུ་གཏིང་ཟབ་ཆུད་པ། འགོ་འཛུགས་ས་གསར་པའི་ཐོག་སྒྱུར་བཅོས་ལས་དོན་ལ་ཚན་རིག་དང་མཐུན་པའི་ངང་ཇུས་འགོད། གནད་སྨིན་ཤུགས་འདོན་དང་། མཉམ་དུ་ཤུགས་འདོན། རྒྱུན་མཐུད་ཤུགས་འདོན་བཅས་བྱས་ནས་རྒྱང་ལམ་གསར་པ་འགོ་འཛུགས་པར་སྒུལ་ཤུགས་དང་གསོན་ཤུགས་བསྣན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་དང་། སྒྱུར་བཅོས་ཀྱི་ཡིག་ཆ་གལ་ཆེན་ཁག་ཅིག་ལ་ཞིབ་འཇུག་དང་གྲོས་འཆམ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕྲལ་མཁོ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་མངོན་གསལ་དོད་པའི་གནད་དོན་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཐག་གཅོད་བྱས་ཡོད། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་སྒྲིག་འཛུགས་དང་ལག་ལེན་བསྟར་བ་དང་། ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་དང་དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལས་ཁུངས་ཀྱི་འགན་འཁྲི་བཀོད་སྒྲིག་ལེགས་སུ་གཏོང་བ། ཀྲུང་དབྱང་རིམ་པའི་སྒྱུར་བཅོས་ལས་འགན་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད། གཙོ་གནད་སྒྱུར་བཅོས་ལས་འགན་གྱི་མཐུན་སྦྱོར་སྐུལ་འདེད་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་སྒྱུར་བཅོས་དོན་ཐོག་ཏུ་འཁྱོལ་ཏེ་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད་ཅེས་བསྟན་ཡོད།
འདི་ལོ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་གལ་ཆེའི་ལོ་གཞན་ཞིག་ཡིན་པས། ལས་འགན་གཙོ་བོ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ལ་ཇུས་འགོད་བྱ་རྒྱུ་དེ་ཡིན་ཞིང་། དེ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ལག་ལེན་གྱི་རྒྱུན་མཐུད་ཅིག་ཡིན་ལ། རྒྱང་ལམ་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལེའུ་གསར་པ་ཞིག་ཀྱང་ཡིན། སྒྱུར་བཅོས་སྒོ་དབྱེའི་འགག་རྩའི་བྱེད་ཐབས་དེ་སྤྱོད་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་དང་མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་དགོས། ནང་མཁོ་རྒྱ་སྐྱེད་དང་། གྲུབ་ཆ་ལེགས་སྒྲིག གདེང་ཚོད་འཕེལ་བ། དམངས་འཚོ་འགན་ལེན། ཉེན་ཁ་འགོག་ཟོན་དང་སེལ་བ་བཅས་ལ་ཕན་པའི་སྒྱུར་བཅོས་ཀྱི་བྱེད་ཐབས་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ཆེས་འགག་རྩ་དང་ཆེས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གཅིག་སྡུད་ཐོག་ཐག་གཅོད་བྱེད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་བྱ་ཐབས་གལ་ཆེན་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་གཏོང་བར་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་ལ་དམིགས་པ་དང་། སྒྱུར་བཅོས་ཀྱི་འཐབ་ཇུས་གཙོ་གནད་དང་། སྔོན་ཚུད་གོ་རིམ། ཤུགས་རྒྱག་ས་གཙོ་བོ། སྐུལ་འདེད་གཏོང་སྟངས་བཅས་ཁ་གསལ་བཟོ་བ། སྒྱུར་བཅོས་ཀྱི་གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ། ཁྱབ་ཁོངས་ཁག་གི་གཙོ་གནད་སྒྱུར་བཅོས་ལས་འགན་མངོན་གསལ་དོད་པོ་ཡོང་བ་བཅས་བྱེད་དགོས། སྒྱུར་བཅོས་ཀྱི་བྱེད་ཐབས་ལ་སྟོན་ཕྱོགས་རང་བཞིན་མངོན་གསལ་དོད་པོ་དགོས་པ་དང་། མངོན་གསལ་དོད་ཤོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས། སྒྱུར་བཅོས་མཐར་ཕྱིན་བྱེད་དགོས། ཕྱོགས་ཁག་གི་སྒྱུར་བཅོས་ཀྱི་ཧུར་སེམས་སྐུལ་སློང་གང་ལེགས་དང་། སྒྱུར་བཅོས་ཀྱི་ངོས་འཛིན་སྔར་ལས་གཅིག་མཐུན། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་སྐུལ་སྤེལ་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ། ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་པ། གཞི་རིམ་དང་མང་ཚོགས་ཀྱིས་གསར་གཏོད་བྱས་པའི་ཉམས་མྱོང་གསར་པ་དུས་ཐོག་ཏུ་ཕྱོགས་སྡོམ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་འགན་ཐེག་པ་འཁུར་ལེན་ལ་ཡར་སྐུལ་བཅས་བྱས་ཏེ་གསར་གཏོད་བྱེད་ཕོད་པ་དང་། དངོས་འཛིན་དངོས་སྒྲུབ། གསར་འབྱེད་ཡར་བརྩོན་བཅས་ཀྱི་སྒྱུར་བཅོས་ཀྱི་རྣམ་པ་ཟབ་མོ་ཆགས་པར་སྐུལ་འདེད་གཏོང་དགོས།
ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།