དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ནང་དུ་ ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་4.74ཟིན་པ།
2019ལོའི་དུས་མཚུངས་ལས་19.0%འཕར་བ།
རིག་གནས་དང་ཡུལ་སྐོར་པུའི་གྲངས་གཞི་ལྟེ་གནས་ཀྱིས་ཚད་ལེན་ཞིབ་རྩིས་བྱས་པ་བརྒྱུད། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར་4.74ཟིན་པ་དེ་དུས་མཚུངས་ལས་34.3%འཕར་བ་དང་། བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་ན་2019ལོའི་དུས་མཚུངས་ལས་19.0%འཕར་ཡོད། རྒྱལ་ནང་ཡུལ་སྐོར་གྱི་འགྲོ་སོང་བསྡོམས་སྒོར་དུང་ཕྱུར་6326.87ཟིན་པ་དེ་དུས་མཚུངས་ལས་47.3%འཕར་བ་དང་། བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་ན་2019ལོའི་དུས་མཚུངས་ལས་7.7%འཕར་ཡོད། རྒྱལ་མཚམས་འཛུལ་སྒྲོལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་683ཟིན་པ་དང་། དེའི་ནང་ཕྱི་རྒྱལ་དུ་ཡུལ་སྐོར་འགྲོ་མཁན་མི་ཐེངས་ཁྲི་360ཟིན་པ་དང་། རྒྱལ་ནང་དུ་ཡུལ་སྐོར་ལ་ཡོང་མཁན་མི་ཐེངས་ཁྲི་323ཟིན་ཡོད་པ་རེད།
2024ལོའི་ཕྱོགས་བསྡུས་སྐྱེལ་འདྲེན་གྱི་དཔྱིད་གསར་སྐྱེལ་འདྲེན་ལས་དོན་གྱི་ཆེད་སྒྲུབ་ཚན་ཁག་གི་གྲངས་གཞི་ལས་མངོན་པར། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་སྒྲོལ་བའི་འགྲུལ་རྒྱུན་རིམ་རྩིས་བརྒྱབ་ན་མི་ཐེངས་དུང་ཕྱུར་22.93ཟིན་ཡོད། ཞིབ་ཕྲའི་ཐོག་ནས་བལྟས་ན། ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་9946ཟིན་པ་དང་། གཞུང་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་216655ཟིན་པ། ཆུ་ཐོག་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་941ཟིན་པ། དམངས་སྤྱོད་མཁའ་འགྲུལ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1799ཟིན་པ་བཅས་རེད།
ལོ་གསར་དགའ་གཏོང་རིག་གནས་རྣམ་པ་ཟབ། སྲོལ་རྒྱུན་རིག་གནས་མཚར་སྡུག་གསར་པ་མངོན། རིག་རྩལ་འཁྲབ་སྟོན་དང་སྤྱི་པའི་རིག་གནས་བྱེད་སྒོ་སྣ་ཚོགས་རྒྱ་ཁྱབ་སྤེལ་བ་དང་། ཁྱད་ཆོས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་དམངས་སྲོལ་ལས་དུས་ཆེན་རྣམ་པ་དེ་བས་འཁྲུག་ཆ་དོད། དཔྱིད་གསར་དུས་ཆེན་གྱི་ལྒང་བཞུའི་དུས་ཆེན་དང་། འབྲུག་རྩེད་འཁྲབ་སྟོན། ཚོགས་མཆོད་ཚོང་འདུས། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་དཔྱིད་གསར་དུས་ཆེན་རིང་ཡུལ་སྐོར་ལ་ཡོང་མཁན་གྱི་གདམ་ག་གལ་ཆེན་ཞིག་ཏུ་གྱུར་ནས་ཀུན་གྱིས་དོ་སྣང་བྱེད་པའི་རྟེན་མཛོད་ཁང་དུ་ཡུལ་སྐོར་བ་རྒྱུན་མཐུད་མང་དུ་ཕྱིན་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། རྒྱལ་ཡོངས་སུ“གྲོང་ཚོའི་མཚན་ཚོགས”དང་། གྲོང་གསེབ་ཏུ་ཟློས་གར་འཁྲབ་སྟོན། ལོ་གསར་གྱི་རི་མོའི་བྱེད་སྒོ། དཔེ་མཛོད་ཁང་དུ་ལོ་གསར་གཏོང་བ་སོགས་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཐེངས་ཁྲི་15ལྷག་ཙམ་སྤེལ་བར་དྲ་ཐོག་དང་དྲ་ཕྱིར་མི་ཐེངས་དུང་ཕྱུར་6.69ཙམ་ཞུགས་ཡོད། རྒྱལ་ཡོངས་སུ་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་ཐེངས་ཁྲི་1.63བྱས་པ་དེ་དུས་མཚུངས་ལས་52.10%འཕར་བ་དང་། འཁྲབ་སྟོན་ལ་ལྟ་མཁན་མི་ཐེངས་ཁྲི་657.65ཟིན་པ་དེ་དུས་མཚུངས་ལས་77.71%འཕར་ཡོད་པ་རེད།
ཡུལ་སྐོར་ཁྲོམ་རར་གསོན་ཤུགས་རབ་ཏུ་འཕེལ་ནས་གུང་གསེང་རིང་འཛད་སྤྱོད་བྱེད་ཚད་རྒྱུན་མཐུད་མང་དུ་ཕྱིན་ཡོད། ཀོང་ཏུང་དང་། སི་ཁྲོན། ཀོང་ཤིས། ཧུའུ་ནན། ཀུའེ་ཀྲོའུ་སོགས་སུ་ཡུལ་སྐོར་བ་མང་བ་དང་། ཧེ་ལུང་ཅང་དང་། ཅི་ལིན། ཤིན་ཅང་། ལེའོ་ཉིང་། ནང་སོག་སོགས་ས་གནས་ཀྱིས་ཕུན་སུམ་ཚོགས་པའི་གངས་འཁྱགས་ཐོན་ཁུངས་ལ་བརྟེན་ནས་ཁྱད་ལྡན་བྱེད་སྒོ་སྤེལ་ཏེ་གངས་འཁྱགས་ཡུལ་སྐོར་གྱི་འཛད་སྤྱོད་བྱ་ཐབས་གསར་པ་ཞིག་བཏོད་ཡོད། གཞན་ཡང་། གསར་བརྗེའི་ཡུལ་སྐོར་ཡང་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།
རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དམ་ཟབ་ཐུབ་ནས་ཞབས་ཞུ་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་ཕྱིན་ཡོད། ས་གནས་མང་པོ་ཞིག་གིས་མི་ཐབས་རིག་ནུས་ལག་རྩལ་འདེགས་སྐྱོར་དུ་བྱས་ནས་གྲོང་ཁྱེར་དང་། མཛེས་ལྗོངས་ཁུལ་གལ་ཆེན། ཚོང་སྐོར་བཅས་ཀྱི་འགྲུལ་རྒྱུན་སྔོན་བརྡ་བཏང་བ་དང་འགྲུལ་རྒྱུན་ཁྲིད་སྟོན་ལ་གཞོགས་འདེགས་བྱས་ཏེ། ཡུལ་སྐོར་གྱི་འཚང་ཁ་ཆེ་བའི་དུས་ཀྱི་དོ་དམ་བྱེད་ཤུགས་ཆེ་རུ་དང་ཡུལ་སྐོར་བའི་ཉམས་ལེན་ལེགས་སུ་བཏང་ཡོད་པ་རེད།