དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་རིག་གནས་ཀྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤའོ་ཤིན་ཤིན། སུའེ་ཤིན།   |     སྤེལ་དུས།  2024-02-20

    འཁྲུག་ཆ་དོད་པའི་རྔ་སྒྲ་དང་བསྟུན་ནས་འབྲུག་རྩེད་རྩེ་སྐབས་མི་རྣམས་ཀྱིས་ཐལ་མོའི་རྡེབ་སྒྲ་དང་ཀི་སྒྲ་ཡང་ཡང་གྲགས་པ་སོགས་ཉིན་ཤས་གོང་ཨུ་རུ་སུའི་མོ་སི་ཁོའི་གྲོང་ཁྱེར་ལྟེ་གནས་ཀྱི་ཁ་མེར་ཀེར་སྲང་ལམ་དུ་མི་ཚོགས་ཀྱིས་ཁེངས། དུས་ཚོད་ལྡོག་རྩིས་རྒྱག་པའི་སྒྲ་དང་བསྟུན་ནས་ལྒང་བཞུ་དམར་པོ་བརྒྱ་ཕྲག་མང་པོ་དུས་གཅིག་ཏུ་སྤར་ཏེ་མོ་སི་ཁོ་གྲོང་ཁྱེར་གྱི་ལུགས་རྙིང་ལོའི་ལོ་གསར་གྱི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་དངོས་སུ་སྤེལ་འགོ་ཚུགས།

    ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཧན་ཧུའེ་ཡིས་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་དེ“ཀྲུང་ཨུའི་རིག་གནས་ལོའི”སྒྲོམ་གཞིའི་འོག་གི་བྱེད་སྒོ་ཁག་དང་པོ་ཡིན་པ་དང་དེས་རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་མཉམ་ལས་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད་ཅེས་བརྗོད། ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཕུན་སུམ་ཚོགས་པའི་རིག་གནས་སྤེལ་རེས་བྱེད་སྒོས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་མ་ཐེབས་རྒྱུ་རེད་ཅེས་བརྗོད་པ་རེད།

    བཀྲ་ཤིས་མཚོན་པའི་ལྒང་བཞུ་དམར་པོ་དང་། ངོ་མཚར་ཆེ་བའི་འཁྲབ་སྟོན་རེ་རེ། དམངས་སྲོལ་བྱེད་སྒོ་སྣ་ཚོགས། རོ་བཅུད་ལྡན་པའི་ཀྲུང་གོའི་ཞིམ་ཟས་ལ་སོགས་ཐེ་ཝེར་ཐང་ཆེན་དང་མོ་སི་ཁོའི་གྲོང་ཁྱེར་ལྟེ་གནས་ཀྱི་ཁྲོམ་གཞུང་དང་ཐང་ཆེན་གཙོ་བོ་གང་སར་ཁྱབ་ནས་དཔྱིད་གསར་དུས་ཆེན་གྱི་རྣམ་པ་ཟབ་མོ་མངོན་བཞིན་མཆིས། མོ་སི་ཁོ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཤེར་ཀུའུ་ཉིང་ནཱ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མོ་སི་ཁོ་གྲོང་ཁྱེར་གྱིས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་མི་འདྲ་བ་300ལྷག་ཙམ་གྲ་སྒྲིག་བྱས་ཡོད་པས། ཨུ་རུ་སུའི་དམངས་ཚོགས་དེ་བས་མང་བས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཤེས་རྟོགས་གཏིང་ཟབ་ཐུབ་སྟེ་ཨུ་ཀྲུང་དམངས་ཁྲོད་ཀྱི་མཛའ་གྲོགས་འབྲེལ་བར་སྐུལ་འདེད་ཐེབས་རྒྱུའི་རེ་བ་ཡོད།

    ཤོག་བུ་དམར་པོའི་སྟེང་སྤུ་སྨྱུག་གིས“བཀྲ་ཤིས”མཚོན་པའི་ཡི་གེ་བྲིས་ཤིང་། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཉམས་ལེན་འགྲེམས་ཁང་ནང་ས་གནས་དེ་གའི་གྲོགས་པོ་ཆུང་ཆུང་གིས་ཁེངས་ཡོད། “ཀྲུང་གོའི་རིག་གནས་ཀྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག” བུ་མོ་ཁྲིད་ནས་ཡུལ་སྐོར་དུ་ཡོང་མཁན་མོ་སི་ཁོ་གྲོང་ཁྱེར་གྱི་གྲོང་མི་དབྱི་དབན་ནུའོ་ཕུའུ་ནཱ་ཡིས་བུ་མོའི་བརྩམས་ཆོས་སྟོན་ཞོར་དུ་རྒྱ་སྐད་ཐོག་ནས་བཀྲ་ཤིས་སྨོན་འདུན་ཞུ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།