དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་འབྲི་ཆུའི་ཆུ་འགོ་གྲོང་ཚོའི་འཚོ་བ་གསར་པ་སྔར་ལས་བདེ་སྐྱིད་ལྡན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཅ་ཧྥུང་ཧྥུང་།   |     སྤེལ་དུས།  2024-02-20

    ནམ་ལངས་ལ་མ་ལངས་གོང་ནས“ཝུང་ཝུང”ཞེས་སོག་གཤགས་རྒྱག་པའི་སྒྲ་གྲགས་འགོ་ཚུགས། མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གྱི་འབྲི་ཆུའི་ཆུ་འགོ་གྲོང་ཚོའི་ཚགས་ཤ་ལུག་ཤའི་ལས་སྣོན་འཁོར་ཁང་དུ་ཚགས་ཤའི་ཁོག་གློག་གི་སོག་ལེས་དུམ་བུར་གཏུབ་ཅིང་། བྱང་གོམས་ཆེ་བའི་བཟོ་པ་ཚོས་དབྱེ་བ་ཕྱེ་ནས་བཞག་པའི་ནོར་གྱི་རྩིབ་མ་དང་། མཇུག་མ། ཤ་སྣག་སོགས་འགྱིག་ཤོག་གིས་བཏུམས་ཏེ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་གཏོང་རྒྱུའི་གྲབས་བྱས།

    གནས་གཅིག་གི་ས་ཆུས་གནས་དེ་གའི་མི་འཚོ་སྐྱོང་མི་ཐུབ་པའི་དཀའ་གནད་སེལ་ཆེད། 2004ལོར་འབྲི་ཆུའི་ཆུ་འགོ་དང་གདང་ལ་གྲོང་རྡལ་གྱི་འབྲོག་ལས་གྲོང་ཚོ་6གི་འབྲོག་དུད་128གོར་མོ་གྲོང་ཁྱེར་གྱི་ལྷོ་འདབས་སུ་ཁག་དང་པོར་རང་འགུལ་ངང་སྤོས་པར་འབྲི་ཆུའི་ཆུ་འགོ་གྲོང་ཚོ་ཞེས་མིང་བཏགས། སྡོད་ཁང་གི་ཆ་རྐྱེན་ལེགས་སུ་བཏང་བ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ། ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་བ། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་ལམ་འཚོལ་ཞིབ་བྱས་པ་ལ་སོགས། སྲིད་ཇུས་ལེགས་པའི་སྒང་ལ་མང་ཚོགས་ཀྱིས་ཤུགས་ཀྱང་བརྒྱབ་པས། ལོ་དེ་དག་རིང་འབྲི་ཆུའི་ཆུ་འགོ་གྲོང་ཚོར་གོམ་པ་རེ་ལ་རྐང་རྗེས་རེ་ཐོན་ཡོད་ལ་ལམ་བུའང་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་ཕྱིན།

    ཉིན་ཁ་ཤས་ལས་ངལ་གསོ་རྒྱག་ཁོམ་མེད་པར་ཡུལ་མི་འོད་ཟེར་མེ་ཏོག་གིས་དུས་ཚོད་དམ་འཛིན་བྱས་ནས་རང་ཁྱིམ་གྱི་བོད་བཟོའི་དམངས་སྲོལ་གནས་ཚང་ལ་མཛེས་བཟོ་བྱེད་བཞིན་མཆིས། འབྲོག་ལས་བྱེད་མཚམས་བཞག་ནས་ཚོང་ལས་གཉེར་མཁན་ཏེ་མིག་མདུན་གྱི་གྱོན་ཆས་ཚོང་ཁང་གི་སྦྱིན་བདག་འདིས་རང་ཉིད་ཀྱི“ལས་གཏོད་ཐེངས་གཉིས་པ”བྱེད་འགོ་བརྩམས། “གྱོན་ཆས་ཚོང་ཁང་ཁོ་ནར་བརྟེན་ནས་བསྡད་ན་ག་ལ་འགྲིག ཉེ་བའི་ལོ་གཉིས་རིང་མཚོ་བོད་ལམ་ཐིག་གིས་ས་གནས་ཁག་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པས། ང་ཚོས་ཀྱང་དམངས་སྲོལ་གནས་ཚང་བསྐྲུན་པའི་ཁར། བོད་ཟས་གཡོས་སྦྱོར་དང་བོད་གཞས་འཁྲབ་སྟོན་བྱས་ན་ཚོང་ཡག་པོ་ཡོང་རྒྱུ་ཉག་ཅིག་རེད”ཅེས་བཤད།

    “ཉེ་བའི་ལོ་གཉིས་ནང་གྲོང་ཚོར་སློབ་ཆུང་དང་། རྒན་གསོ་ཁང་། གྲོང་ཚོའི་ལོ་རྒྱུས་ཁང་། གད་སྙིགས་སྦས་ཡུལ་བཅས་བསྐྲུན་པ་དང་། ཆུ་ཀ་ལ་དང་བཙོག་ཆུ་གཤོང་བའི་མདོང་ལམ་བསྐྲུན་པ། ཟོག་ཁུངས་དང་ལས་སྣོན་ནས་བྲིན་ཚོང་བར་ཆ་ཚང་བའི་ཚགས་ཤ་དང་ལུག་ཤའི་ཐོན་ལས་འབྲེལ་ལམ་ཞིག་ཆགས་པ་མ་ཟད། གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ཀྱང་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། འོན་ཀྱང་ངས་བལྟས་ན་འགྱུར་ལྡོག་ཆེ་ཤོས་ནི་ཡུལ་མི་ཚོའི་འདུ་ཤེས་འཛིན་སྟངས་ལ་འགྱུར་ལྡོག་བྱུང་བ་དེ་རེད་འདུག”ཅེས་དང“ད་ཆ་ཁྱིམ་ཚང་ཚང་མའི་འཚོ་བ་ཡག་པོ་ཡོད། མི་ཚང་མ་རང་ཉིད་ཀྱི་ལྟོ་གོས་དེ་བས་ཡག་པོ་ཡོང་ཆེད་འབད་བརྩོན་བྱེད་འདོད་ཡོད། ལྷག་པར་དུ་ན་གཞོན་ཚོས་ཟ་ཁང་དང་། ཇ་ཁང་། ཚོང་ཁང་། བཟོ་གྲྭ་ལ་སོགས་བཙུགས་པ་མ་ཟད། ལག་ཤེས་བཟོ་རྩལ་རྙིང་པ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱེད་ཀྱི་ཡོད་པས། འབྱུང་འགྱུར་རེ་བ་དེ་བས་ཆེན་པོ་ཡོང་རྒྱུ་ནི་སྨོས་ཅི་དགོས”ཞེས་འདི་ལོ་ལོ་70ལ་སླེབས་པའི་ཀྲི་པུའི་ཧྲུའུ་ཅི་རྙིང་པ་བགྲེས་སོང་ཀུན་དགའ་རྣམ་རྒྱལ་གྱིས་མྱོང་ཚོར་ཟབ་མོས་བཤད།

    ན་ནིང་འབྲི་ཆུའི་ཆུ་འགོ་གྲོང་ཚོའི་ཡུལ་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡང་2017ལོའི་སྒོར་ཁྲི་20ལྷག་ཙམ་ནས་སྒོར་ཁྲི་50ལྷག་ཙམ་བར་འཕར་ཏེ་མཉམ་སྡེབ་དང་མང་ཚོགས་ཀྱི་ཡོང་འབབ་གཉིས་ཀ་མང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།