དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་དགེ་རྒྱས་རྫོང་དགེ་རྒྱས་གྲོང་རྡལ་འབུར་གུང་གྲོང་ཚོར།

    སྡོད་ཁང་གསར་པ་མཛེས། འབབ་འཕར་ཐབས་ལམ་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    གངས་རིན་པོ་ཆེའི་བྱང་ངོས་ཀྱི་ཆུ་བོ་སེང་གེ་ཁ་འབབ་ཤར་ལྷོ་ནས་ནུབ་བྱང་དུ་བཞུར་བ་མ་ཟད། མངའ་རིས་དགེ་རྒྱས་རྫོང་དགེ་རྒྱས་གྲོང་རྡལ་འབུར་གུང་གྲོང་ཚོའི་མདུན་ནས་རྒྱུག་བཞིན་འདུག

    འབུར་གུང་གྲོང་ཚོར་སླེབས་རྗེས་གསར་འགོད་པས་སེར་མདོག་གི་བོད་བཟོའི་སྡོད་ཁང་གྲལ་སྟར་འགྲིག་ལ། གཙང་ཞིང་སྣུམ་པའི་ཨར་འདམ་ལམ་དུད་ཚང་ཚང་མའི་སྒོ་འགྲམ་དུ་ཤར་གཏོང་ཐུབ་པ་མཐོང་བྱུང་།

    ལོ་72ལ་སླེབས་པའི་རྟ་མགྲིན་དབང་མོས་བཅར་འདྲི་ཚོགས་ཆུང་སླེབས་པ་མཐོང་སྐབས་སྤྲོ་སེམས་ཆེན་པོས་ཚང་མ་ཁོང་གི་ཁྱིམ་དུ་འབོད།

    རྟ་མགྲིན་དབང་མོས་གསར་འགོད་པར། ཁོང་གི་ཁྱིམ་དུ་ནང་མི་5ཡོད། བུ་མོ་དང་མག་པས་འབྲོག་རར་ཕྱུག་འཚོ་བ་དང་། ཚ་བོ་གཉིས་ལྷ་སར་མཐོ་རིམ་སློབ་འབྲིང་འགྲིམ་བཞིན་ཡོད། རང་ཉིད་ཀྱང་སྡོད་ཁང་གསར་པའི་ནང་ཧ་ཅང་སྐྱིད་པོ་འདུག་ལ། ཅ་ལག་ཉོ་བ་དང་ནད་ལྟ་བ་སོགས་ཀྱི་ཐད་ལའང་སྟབས་བདེ་པོ་འདུག་ཅེས་བཤད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དགེ་རྒྱས་རྫོང་གིས་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་བ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དང་ཕྱོགས་ཡོངས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་གྲོང་གསེབ་ཀྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། 2015ལོར་འབུར་གུང་གྲོང་ཚོར་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད། དུད་ཚང་18ཀྱི་གྲོང་མི་ཚང་མ་ཁྱིམ་ཚང་གསར་པར་སྤོས་པའི་ནང་དུད་ཚང་14ཡི་གྲོང་མིའི་བདེ་སྡོད་ཁང་པ་དགེ་རྒྱས་གྲོང་རྡལ་དུ་ཡོད་པ་དང་དུད་ཚང་4ཡི་གྲོང་མིའི་བདེ་སྡོད་ཁང་པ་འབྲོག་ཁུལ་དུ་ཡོད་པ་རེད།

    “སྔོན་མ་ང་ཚོ་སྐྱས་སྤོས་ཀྱི་འཚོ་བ་སྐྱེལ་གྱི་ཡོད། ལོ་གཅིག་ནང་སྐྱས་ཡང་སེ་སྤོ་དགོས་པ་དང་དགུན་དུས་ད་དུང་གངས་སྐྱོན་ཐོན་གྱི་ཡོད་པས་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། ད་ཆ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་ང་ཚོ་གྲོང་རྡལ་དུ་སྤོས་པ་མ་ཟད། སྡོད་ཁང་གསར་པར་ཡང་སྤོས་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་རྟ་མགྲིན་དབང་མོས་དགའ་ཚོར་ཆེན་པོས་བཤད།

    “ཐོན་ལས་དར་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད”འབུར་གུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རིན་ཆེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། འབུར་གུང་གྲོང་ཚོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་འགག་རྩར་དམ་འཛིན་བྱས་ནས་ས་གནས་དེ་གའི་ཐོན་ཁུངས་གང་ལེགས་སྤྱད་དེ་གྲོང་ཚོའི་གནས་ཚུལ་དང་འཚམ་པ་དང་། དམངས་ཀྱི་འདོད་བློར་བསྟུན་པ། འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད།

    རིན་ཆེན་གྱི་སྣེ་ཁྲིད་འོག་བཅར་འདྲི་ཚོགས་ཆུང་དང་བཅས་པ་འབུར་གུང་གྲོང་ཚོའི་ལག་ཤེས་བཟོ་ལས་འཁོར་ཁང་དུ་བསྐྱོད། ལམ་འགྲམ་དུ་ཆགས་པའི་འཁོར་ཁང་དུ་འབྱོར་སྐབས་འཚེམ་འཁོར་བཅུ་ཙམ་གྲལ་བསྟར་འགྲིག་ནས་བཞག་འདུག་ལ། ཚོས་གཞི་སྣ་ཚོགས་ཀྱི་རས་ཆ་གཞོགས་གཅིག་ཏུ་སྤུངས་ནས་འདུག འཁོར་ཁང་གི་རུ་དཔོན་བསོད་ནམས་བསྟན་འཛིན་གྱིས་གྲོང་མི་ཚོ་དང་མཉམ་དུ་ཚད་མཇལ་བ་དང་། རས་བྲེག་པ། གྱོན་ཆས་བཟོ་བ་བཅས་བྱེད་བཞིན་འདུག

    བསོད་ནམས་བསྟན་འཛིན་ནི་འབུར་གུང་གྲོང་ཚོར་སྐད་གྲགས་ཡོད་པའི་འཚེམ་བཟོ་བ་ཞིག་ཡིན་པ་དང་འཚེམ་བཟོ་བྱས་ནས་ལོ་20ལྷག་ཙམ་འགྲོ་གི་ཡོད། 2017ལོར་གྲོང་ཚོར་ལག་ཤེས་བཟོ་ལས་འཁོར་ཁང་བཙུགས་པ་དང་རུ་དཔོན་ལ་བདམས་པའི་ཁོང་གིས་གྲོང་མི་ཚོར་འཚེམ་བཟོའི་ལག་རྩལ་སློབ་ཀྱི་ཡོད།

    “ངའི་སྤོ་བོ་ལགས་ནི་འཚེམ་བཟོ་བ་ཞིག་རེད། ང་རང་ཆུང་དུས་ནས་སྤོ་བོ་ལགས་ཀྱི་ས་ནས་འཚེམ་བཟོ་སྦྱངས་པ་ཡིན། ང་རང་འཚེམ་བཟོར་ཧ་ཅང་དགའ་པོ་ཡོད། སྔོན་ཆད་ལག་འཚེམ་རྒྱག་དགོས་ཀྱི་ཡོད། ད་ཆ་འཚེམ་འཁོར་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བསོད་ནམས་བསྟན་འཛིན་གྱིས་གསར་འགོད་པར་བཤད།

    འབུར་གུང་གྲོང་ཚོའི་ཁྱད་ལྡན་ཐོན་ལས་ནི་ལག་ཤེས་བཟོ་ལས་འཁོར་ཁང་ཙམ་མིན། རིན་ཆེན་གྱིས་ངོ་སྤྲོད་བྱས་པར། 2010ལོར་འབུར་གུང་གྲོང་ཚོས་མ་དངུལ་སྒོར་ཁྲི་355བཏང་ནས་གྲོང་ཚོའི་དམངས་ཕན་མཉམ་ལས་ཁང་བཙུགས་པ་མ་ཟད། དབུལ་སྐྱོར་སྣེ་ལེན་ཁང་དང་། དམངས་ཕན་ཚོང་ཁང་། མལ་ཆས་ལས་སྣོན་བཟོ་གྲྭ རྩམ་པ་ལས་སྣོན་བཟོ་གྲྭ་སོགས་བཙུགས་ནས་གྲོང་མིའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་ཡོད།

    འབུར་གུང་གྲོང་ཚོའི་དམངས་ཕན་ཚོང་ཁང་དུ་སྲོལ་རྒྱུན་གྱི་གྱོན་ཆས་དང་། རྩམ་པ། བཙུགས་ཕྲུག་སོགས་ཁྱད་ལྡན་ཐོན་རྫས་ཚོང་སྒྲོམ་ཐོག་བསྒྲིགས་ཡོད་ལ། ད་དུང་བཏུང་ཆ་དང་སིལ་བཟས་སོགས་སྣ་ཚོགས་ཀྱང་བསྒྲིགས་འདུག ད་ལོ་ལོ་66ལ་སླེབས་པའི་བསོད་དཔལ་གྱིས་སྐུ་མགྲོན་ལ་དངུལ་རྩིས་རྒྱག་བཞིན་འདུག

    བསོད་དཔལ་ནི་འབུར་གུང་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གྲོང་མི་ཡིན་ཞིང་། 2014ལོར་འབུར་གུང་གྲོང་ཚོར་དམངས་ཕན་ཚོང་ཁང་བཙུགས་རྗེས་དེ་གར་ལས་ལ་ཞུགས།

    བསོད་དཔལ་གྱིས་མཉམ་ལས་ཁང་གི་ཅ་ལག་ཚང་མ་མི་བྲིན་པའི་སེམས་ཁྲལ་མི་འདུག རྩམ་པ་རྣམས་རྫོང་ཆ་ཚང་སློབ་ཆུང་དང་རྫོང་སློབ་འབྲིང་དུ་འཚོང་བ་དང་ཟླ་རེར་རྒྱ་མ་700ཙམ་བྲིན་གྱི་འདུག བཙུགས་ཕྲུག་1500ཙམ་རྫོང་བཟོ་ཚོགས་ཀྱིས་མངགས་སོང་། སྲོལ་རྒྱུན་མི་རིགས་གྱོན་ཆས་ཀྱང་ཡུན་རིང་མ་སོང་གོང་དགེ་རྒྱས་རྫོང་གིས་གཉེར་བའི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་ཧ་ཅང་བྲིན་ཁ་རྒྱུག་པོ་བྱུང་ཞེས་བཤད།

    ཐོན་ལས་དར་ནས་མང་ཚོགས་ཕྱུག་པོ་ཆགས། 2023ལོར་འབུར་གུང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་73.81ཟིན་པ་དང་མང་ཚོགས་ལ་སྒོར་ཁྲི་47.81བགོ་འགྲེམས་བརྒྱབ་ཡོད།

    “ད་ཆ་ཟླ་རེར་གླ་ཆ་སྒོར་2500ཡི་ཐོག་གྲོང་ཚོའི་བགོ་འགྲེམས་དང་ཁ་གསབ་བསྣན་ཚེ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་5ཙམ་འདུག་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་བསོད་དཔལ་གྱིས་དགའ་སྤྲོའི་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།