དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “མྱུར་བགྲོད་ལྕགས་ལམ་གྱིས་ང་ཚོའི་འཚོ་བར་འགྱུར་ལྡོག་བྱུང་སོང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-19

    འདི་ནི་མྱུར་བགྲོད་མེ་འཁོར་ཞིག་ནུའོ་ཝུའེ་སཱ་ཏེ་མེ་འཁོར་བབས་ཚུགས་སུ་ཁ་བཀག་ནས་བཞག་ཡོད་པ།

    འདི་ནི་ཨར་སྐྲུན་མི་སྣས་ཟམ་པ་སྐྲུན་བཞིན་པ།

    འདི་ནི་རྒྱང་རིང་ནས་པར་བརྒྱབ་པའི་ནུའོ་ཝུའེ་སཱ་ཏེ་མེ་འཁོར་བབས་ཚུགས་ཡིན་པ།

    འདི་ནི་ཨར་སྐྲུན་མི་སྣས་ལྕགས་ལམ་དུ་ཚོད་ལྟའི་འཁོར་སྐྱོད་བྱེད་བཞིན་པ།

    འདི་ནི་མྱུར་བགྲོད་མེ་འཁོར་ཞིག་པེར་ཀེ་རེ་ཏེའི་སཱ་ཝ་གཙང་པོའི་ཟམ་ཆེན་དུ་སྐྱོད་བཞིན་པ།

    འདི་ནི་བྱ་འཕུར་བ་ལྟར་སྐྱོད་བཞིན་པའི“སུའོ་ཁོ”རྟགས་ཅན་གྱི་མྱུར་བགྲོད་མེ་འཁོར་ཡིན་པ།

    ཧང་སར་ལྕགས་ལམ་ནི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་རྣམ་གྲངས་གཙོ་བོ་ཞིག་ཡིན་ཞིང་། དེ་ནི་ཡོ་རོབ་ཀྱི་འགྲིམ་འགྲུལ་བར་ཁྱམས་དང་ཀྲུང་གོ་དང་ཡོ་རོབ་དབར་གྱི་སྐམ་མཚོའི་མྱུར་བགྲོད་ལྕགས་ལམ་གྱི་ལས་གྲྭ་གལ་ཆེན་ཞིག་ཡིན་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ཡོ་རོབ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཀྱང་ཡིན་པས། ལས་འགོ་ཚུགས་པ་ནས་བཟུང་དེར་དོ་ཁུར་ཆེན་པོ་ཐོབ་ཡོད།

    2022ལོའི་ཟླ་3ཚེས་19ཉིན། སར་པི་ཡའི་མངའ་ཁོངས་ཀྱི་པེར་ཀེ་རེ་ཏེ་ནས་ནུའོ་ཝུའེ་སཱ་ཏེ་དུམ་བུ་སྔོན་ལ་ཤར་གཏོང་ཐུབ་ཅིང་། ལམ་ཐིག་གསར་པ་དེས་ས་གནས་དེ་གའི་དམངས་ཚོགས་ཀྱི་འགྲུལ་བཞུད་ལ་སྟབས་བདེ་བསྐྲུན་པ་མ་ཟད། སར་པི་ཡ་འདི་ཉིད་མྱུར་བགྲོད་ལྕགས་ལམ་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཡོད། གྲངས་གཞི་ལས་མངོན་པར། པེ་ནུའོ་ལམ་དུམ་ཤར་གཏོང་ཐུབ་ནས་ལོ་གཅིག་ལྷག་ཙམ་རིང་། རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་590ལྷག་ཙམ་སྐྱེལ་འདྲེན་བྱས་ཡོད།

    འགྲུལ་པ་སི་ཐེ་ཧྥན·ཨ་ཙི་མོ་ཝུའེ་ཆི་ནི་གློག་ཤུགས་ལག་རྩལ་ཆེ་མོ་བ་ཞིག་ཡིན་ཞིང་། ཁོང་གིས་གསར་འགོད་པར“ལམ་ཐིག་གསར་པ་དེ་ཤར་གཏོང་ཐུབ་རྗེས་སར་པི་ཡའི་གྲོང་ཁྱེར་གལ་ཆེ་ཤོས་གཉིས་དབར་གྱི་བར་ཐག་ཧ་ཅང་ཐུང་དུ་སོང་བ་དང་། མྱུར་བགྲོད་ལྕགས་ལམ་གྱིས་ང་ཚོའི་འཚོ་བར་འགྱུར་ལྡོག་བྱུང་སོང”ཞེས་བརྗོད།

    སར་པི་ཡའི་ལྕགས་ལམ་སྤྱི་འབྲེལ་པུའི་པུའུ་ཀྲང་སི་ཏན་ཉི་སཱ་ཕུའུ་ལེ་ཝུའེ་ཆི་ཡིས“མྱུར་བགྲོད་ལྕགས་ལམ་ཤར་གཏོང་མ་ཐུབ་གོང་དམངས་ཚོགས་པེར་ཀེ་རེ་ཏེ་དང་ནུའོ་ཝུའེ་སཱ་ཏེ་དབར་འགྲུལ་བཞུད་བྱེད་སྐབས། དང་ཐོག་སྒེར་འཁོར་དང་དེ་ནས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་གདམ་ག་བྱེད་པ་ལས་མེ་འཁོར་གདམ་མཁན་ཧ་ཅང་ཉུང་ཉུང་རེད། ད་ཆ་མི་དེ་བས་མང་བས་མྱུར་བགྲོད་མེ་འཁོར་ལ་སྡོད་རྒྱུར་དགའ་པོ་བྱེད་ཀྱི་ཡོད་ལ། དེ་ཧ་ཅང་སྐྱིད་ཅིང་འགྲུལ་བཞུད་དེ་བས་བདེ་འཇགས་དང་སྟབས་བདེ་འདུག”ཅེས་བརྗོད།

    ནུའོ་ཝུའེ་སཱ་ཏེ་ས་ཁུལ་གྱི་ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འགན་ཁུར་བ་སི་མོ་ཝུའེ་ཆི་ཡིས“ད་ཆ་ང་ཚོས་ཉིན་ལྟར་འགྲུལ་པ་མི་ཐེངས་8000ནས་ཁྲི་1བར་སྐྱེལ་འདྲེན་བྱེད་ཀྱི་ཡོད་ལ། གཟའ་མཇུག་ཏུ་མི་དེ་བས་མང་དུ་འགྲོ་གི་འདུག ཞོགས་པ་སྔ་པོ་ནས་མྱུར་བགྲོད་མེ་འཁོར་བསྡད་དེ་པེར་ཀེ་རེ་ཏེ་རུ་ལས་ཀར་འགྲོ་བ་དང་དགོང་མོ་ནུའོ་ཝུའེ་སཱ་ཏེར་ལོག་པ་ནི་མི་མང་པོ་ཞིག་གི་གདམ་གར་གྱུར་ཡོད”ཅེས་བརྗོད།

    ཧང་སར་ལྕགས་ལམ་རྣམ་གྲངས་ཀྱི་ཐེམ་ཁུངས་སར་པི་ཡ་ནས་ཡིན་པའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་སྨི་ལན·པཱ་ནུའོ་ཝུའེ་ཆི་ཡིས། ཧང་སར་ལྕགས་ལམ་རྣམ་གྲངས་སྐྲུན་འགོ་ཚུགས་པ་ནས་བཟུང་རྣམ་གྲངས་ཀྱི་ཚོགས་པའི་ནང་ཞུགས་ཏེ་འཛུགས་སྐྲུན་གྱི་ལྷུ་ཚིགས་ཚང་མའི་ནང་ཞུགས་པ་ཡིན་ཞེས་བརྗོད། ཀྲུང་གོའི་ལས་རོགས་དང་མཉམ་ལས་བྱས་པའི་བརྒྱུད་རིམ་སྐོར་གླེང་སྐབས། ཁོང་གིས“ངས་ཁོང་ཚོའི་ས་ནས་ཤེས་བྱ་མང་པོ་ཤེས་བྱུང་། ང་དང་སར་པི་ཡའི་ལག་རྩལ་ཆེ་མོ་བ་གཞན་དག་གིས་ཀྱང་ཀྲུང་གོའི་ལས་རོགས་ཚོར་རང་ཡུལ་གྱི་གནད་དོན་མང་པོ་ཞིག་ཐག་གཅོད་བྱེད་རོགས་བྱས་པས། ང་ཚོའི་མཉམ་ལས་ཧ་ཅང་ཡག་པོ་བྱུང་སོང་། ན་ནིང་ང་ཀྲུང་གོར་ཐེངས་གཉིས་ཕྱིན་པ་ཡིན་ལ། ཀྲུང་གོའི་མྱུར་བགྲོད་མེ་འཁོར་ལའང་བསྡད་པ་ཡིན་པས་ངར་བག་ཆགས་ཟབ་མོ་བྱུང”ཞེས་བརྗོད།

    སར་པི་ཡའི་ཙུང་ལི་པུར་ནཱ་པི་ཆི་ཡིས་ཧང་སར་ལྕགས་ལམ་གྱིས་སར་པི་ཡའི་འཕེལ་རྒྱས་ཆེད་ཕུལ་བའི་ལེགས་སྐྱེས་ལ་ཚད་མཐོའི་གདེང་འཇོག་བྱེད་ཅིང་། ཁོང་གིས། ཧང་སར་ལྕགས་ལམ་གྱི་པེར་ནུའོ་ལམ་དུམ་འདི་ཉིད་སར་པི་ཡ་སྔར་བས་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་སྒྱུར་མཚམས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།

    སར་པི་ཡའི་གཞུང་ཕྱོགས་ཀྱི་གྲངས་གཞི་ལས་མངོན་པར། ཧང་སར་ལྕགས་ལམ་གྱི་པེར་ནུའོ་ལམ་དུམ་ཤར་གཏོང་ཐུབ་ནས་ལོ་གཅིག་ལྷག་ཙམ་རིང་། ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་50ལྷག་ཙམ་གཏོང་བ་དང་། ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་8200ལྷག་ཙམ་སྐྱེལ་འདྲེན་བྱེད་པ། ཉིན་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མང་ཤོས་སྐབས་མི་ཐེངས་ཁྲི་1.44ཟིན་པ། རིམ་རྩིས་བརྒྱབ་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་560ལྷག་ཙམ་ཟིན་གྱི་ཡོད། པེར་ནུའོ་ལམ་དུམ་ཤར་གཏོང་ཐུབ་ནས་ལོ་ཕྱེད་མ་སོང་བར་ནུའོ་ཝུའེ་སཱ་ཏེར་སླེབས་པའི་ཡུལ་སྐོར་བ་དུས་མཚུངས་ལས་ལྡབ་གཅིག་ལྷག་ཙམ་མང་དུ་ཕྱིན་ཏེ་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་ཀྱིས་མྱུར་བགྲོད་ལྕགས་ལམ་ལས་བྱུང་བའི་ཁེ་སྤོགས་སྔོན་ལ་ལོངས་སྤྱོད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།