དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-19

    མཚོ་བོད་ས་མཐོ་ནི“འཛམ་གླིང་ཡང་རྩེ”དང་། “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག” “སའི་གོ་ལའི་གླིང་སྣེ་གསུམ་པ”བཅས་ཡིན་པ་མ་ཟད། རང་རྒྱལ་དང་ཐ་ན་ཨེ་ཤེ་ཡའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོ་འདི་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་གཏོད་དགོས་ཞེས་གསུངས་ཡོད།

    བོད་ནི་མཚོ་བོད་ས་མཐོའི་ལྟེ་བའི་ས་ཁོངས་ཤིག་ཡིན་པས། སྐྱེ་ཁམས་འཐབ་ཇུས་ཀྱི་གནས་བབ་ཤིན་ཏུ་གལ་འགངས་ཆེན་པོ་བཟུང་ཡོད། ལོ་ངོ་བརྒྱ་སྟོང་རིང་། ས་གཞི་འདིར་འཚོ་བའི་མི་རིགས་ཁག་གི་བུ་ཕྲུག་གིས་སྐྱེ་ཁམས་ལ་དགའ་ཞེན་དང་ཁྱིམ་གཞིས་ལ་དགའ་ཞེན་བྱས་ཏེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་། ཆུ་ཁྲི་རི་སྟོང་ཡག་པོ་བསྲུངས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། མིག་སྔར་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཐེག་ནུས་ཞན་པ་དང་སླར་གསོ་དཀའ་བའི་དོན་དངོས་ཀྱི་གནས་ཚུལ་འཕྲད་ཡོད་ལ། གོ་ལ་ཧྲིལ་པོར་དྲོད་ཚད་མཐོ་རུ་སོང་བ་དང་མིའི་རིགས་ཀྱི་སྒུལ་སྐྱོད་དང་ཐེ་ཞུགས་ཇེ་མང་དུ་སོང་བ་སོགས་ཀྱི་འགྲན་སློང་ཡང་འཕྲད་བཞིན་ཡོད་པས། སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དེ་ངེས་པར་དུ་མངོན་གསལ་དོད་པའི་གནས་བབ་ལ་བཞག་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་ཧུར་ཐག་བྱེད་དགོས།

    བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། ངེས་པར་དུ་རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པ་དང་། གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། ངེས་པར་དུ་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་བཅས་ཀྱི་སྒོ་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་དེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པ་དང་། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་ནི། སྐྱེ་ཁམས་ཤེས་དཔལ་གཏོད་རྒྱུ་དུས་དང་རྣམ་པ་ཀུན་ཏུ་སེམས་སུ་བཞག་སྟེ་གངས་ལྗོངས་ས་མཐོའི་རི་ཆུ་ནགས་ཞིང་དང་། མཚེའུ་རྩྭ་བྱེ་འཁྱགས་བཅས་སྲུང་སྐྱོང་ཡག་པོ་བྱས་ནས། གནམ་སྔར་བས་སྔོ་བ་དང་། རི་སྔར་བས་ལྗང་བ། ཆུ་སྔར་བས་དྭངས་བ། ཁོར་ཡུག་སྔར་བས་མཛེས་པའི་སྒོ་ནས་རང་བྱུང་ཁམས་ཀྱི་སྐྱེ་དངོས་མཐའ་དག་ལ་སྐྱེ་འཚར་གྱི་ཁོར་ཡུག་བཟང་པོ་ཞིག་དང་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྡོད་དང་། འཚམ་སྡོད། སྤྲོ་སྡོད་བཅས་ཀྱི་སྐྱེ་ཁམས་བཟང་བའི་བདེ་རྩ་གཏོད་དགོས།

    སྔོ་ལྗང་རི་ཀླུང་མི་ཡིས་མ་བརླགས་ན། མི་ཡི་རེ་བ་དེ་ཡིས་ཆུད་མི་ཟ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་འོག གྲོང་ཁྱེར་དང་ས་ཁུལ་བདུན་གྱིས་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་འཛུགས་གཏོད་ལས་དོན་སྔ་སྣུར་དུ་བསྒྲུབས་ནས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་དང་། ཡར་ཉང་འདམ་རའི་སྐྱེ་ཁམས་དོ་དམ་དང་བདག་སྐྱོང་སོགས་ཀྱི་འདུ་འགོད་གལ་ཆེན་ལ་སླར་ཡང་གྲུབ་འབྲས་བཏོད་པས་ནུས་རྒྱུ་གཙང་མ་དང་། ཞིང་འབྲོག་ལས་ཀྱི་ཐོན་རྫས་ལས་སྣོན། རང་བྱུང་འཐུང་ཆུ། བོད་ཀྱི་གསོ་བ་རིག་པ་སོགས་ལྗང་མདོག་ཐཱན་ཉུང་གི་ཐོན་ལས་གཅིག་རྗེས་གཉིས་མཐུད་ངང་དར་ནས། རང་བྱུང་ཁམས་ལ་ཉེ་བཅར་དང་ལྗང་མདོག་སྐྱེ་ཁམས་འཕེལ་རྒྱས་ཐུབ་པའི་ལམ་བུར་བསྐྱོད་ཡོད།

    བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་པར་ནམ་ཡང་ཚར་དུས་མེད་པས། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་གིས་ངེས་པར་དུ་ལོ་རྒྱུས་དང་། མི་དམངས། འཛམ་གླིང་བཅས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་མུ་མཐུད་སྲུང་སྐྱོང་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སླར་ཡང་བྱས་རྗེས་གསར་པ་འཇོག་པར་ཤུགས་བརྒྱབ་ནས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་རྒྱུན་སྲིང་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།