དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གངས་ལྗོངས་ས་མཐོར་གཏམ་བཟང་མང་། གྲོང་གསེབ་དར་རྒྱས་འགྲོ་བའི་སྒང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-19

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གོང་དུ། གསར་འགོད་པ་ནག་ཆུ་དང་གཞིས་རྩེ་སོགས་ཞིང་འབྲོག་ཁུལ་གྱི་ཞིང་པའི་ཁྱིམ་དུ་བཅར་འདྲི་དང་འགྱུར་ལྡོག་ལ་བལྟ་བར་སྐྱོད་སྐབས། ཞིང་འབྲོག་པའི་ཡོང་འབབ་མང་དུ་སོང་བ་དང་། འཚོ་བ་སྐྱིད་དུ་སོང་བ། ཡིད་ཆེས་ཆེ་རུ་སོང་བ་བཅས་མཐོང་བྱུང་།

    ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་མན་ཐང་ཤང་གི་འབྲོག་པ་རྡོ་རྗེ་རབ་བརྟན་དང་ཁོང་གི་ནང་མི་སྤྱི་ཤག་ནང་སྡོད་ཀྱི་ཡོད་པ་དང་། རྡོ་རྗེ་རབ་བརྟན་གྱི་ཁྱིམ་དུ་སྐྱོད་སྐབས་སྨི་ངོས་གྲུ་100ལྷག་ཙམ་ཡོད་པའི་ཁང་པ་དཀར་ཆ་དོད་ལ་བོད་བཟོའི་ཁྱིམ་ཆས་གྲལ་འགྲིག་པོ་འདུག “ཁང་པ་ཡག་པོ་འདི་འདྲའི་ནང་སྡོད་རྒྱུ་བྱུང་བ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད། དེ་སྔོན་གྱི་ཁང་པ་རྙིང་པར་ཁང་མིག་གཉིས་ལས་མེད་པ་དང་ཁང་པའི་ཐོག་དཔངས་དམའ་བ་མ་ཟད། ད་དུང་རླུང་འགྲོ་ཡག་པོ་མེད་པ་དང་ནག་ཁུང་ཡིན”ཞེས་རྡོ་རྗེ་རབ་བརྟན་གྱིས་དགོད་འཚེར་འཚེར་ངང་བཤད།

    2018ལོར་མན་ཐང་ཤང་གི་འབྲོག་དུད་26གཅིག་སྡུད་བཀོད་སྒྲིག་བྱས་ནས། ཁྱིམ་ཚང་ཚང་མར་སྤྱི་ཤག་ཐོག་ཁང་བགོས་པས་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། གནས་སྤོས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཆེད། ས་གནས་དེ་གས་གྲོང་ཚོའི་མཉམ་སྡེབ་འབྲོག་ལས་མཉམ་ལས་ཁང་ཞིག་བཙུགས་པ་རེད། 2023ལོར་རྡོ་རྗེ་རབ་བརྟན་ལ་བགོ་འགྲེམས་རག་པ་མ་ཟད་ཕྱིར་གླ་པ་རྒྱུག་པའི་ཡོང་འབབ་ཀྱང་བྱུང་ནས་ཁྱོན་ལོར་ཡོང་འབབ་སྒོར་ཁྲི་9ཙམ་ཟིན་ཡོད།

    གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གྲོང་ཉེ་འདབས་ཀྱི་དྲོད་ཁང་ཆེན་པོ་ཞིག་ནང་སྔོ་ཚལ་གྱིས་ཁེངས་པ་དང་དྲོ་སོབ་སོབ་ཅིག་འདུག དྲོད་ཁང་གི་སྦྱིན་བདག་ནི་དཔའ་རྩལ་ཤང་བན་ཚང་གྲོང་ཚོའི་གྲོང་མི་མཚམས་གཅོད་རེད། གསར་འགོད་པར་ཁོང་དྲོད་ཁང་ནང་ཧོང་ཀྭ་འཐུ་བཞིན་པ་མཐོང་བྱུང་། ཁོང་གིས“ལོ་གསར་ཟིན་གྲབས་ཡོད་པས་སྔོ་ཚལ་བཏུས་ནས་ཁྲོམ་རར་འཚོང་རྩིས་ཡོད། ཁྱིམ་དུ་ཁྱོན་དྲོད་ཁང་4ཡོད་པ་དེ་དག་ནང་ངས་ཀྲོ་མ་ཀྲུ་དང་། པད་ཚལ། ཤིས་ཀྭ་སོགས་ཤིང་འབྲས་དང་སྔོ་ཚལ་བཏབ་པས་2023ལོར་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་བྱུང”ཞེས་བཤད།

    པ་སྣམ་རྫོང་ཉིད་མྱང་ཆུའི་ངོགས་སུ་གནས་པ་དང་། ས་ཁོད་སྙོམས་ཤིང་ས་རྒྱུ་གཤིན་ལ་ཆུ་འབེལ་པོ་ཡོད། 1998ལོར་ཡུལ་དེས་ཧྲན་ཏུང་གི་སྔོ་ཚལ་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་ནས། ས་མཐོའི་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་བཏང་ཡོད། ལོ་མང་འཚོལ་ཞིབ་བྱས་པ་བརྒྱུད་པ་སྣམ་རྫོང་གི་ཤིང་འབྲས་དང་སྔོ་ཚལ་ཐོན་ལས་ཀྱི་གཞི་ཁྱོན་རགས་ཙམ་ཆགས་ཡོད། 2023ལོར་པ་སྣམ་རྫོང་གི་དྲོད་ཁང་གི་རྒྱ་ཁྱོན་མུའུ་7000ཟིན་པ་དང་དེའི་ནང་ཤིང་འབྲས་དང་སྔོ་ཚལ་སྣ་ཁ་བརྒྱ་ལྷག་ཙམ་ཡོད་པ་མ་ཟད། ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་3ལྷག་ཙམ་ཟིན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།