དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ཇ་རྟ་ཚོང་རའི”གྲངས་འཛིན་ཅན་གྱི་ལས་སྟེགས་ཀྱིས་ཞིང་འབྲོག་པ་འབབ་འཕར་ཡོང་བར་སྐུལ་འདེད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-18

    “ལོ་འགོར། ངས་APPནས་ཚོང་ཤག་བཙལ་ཏེ་ལུག་100ལྷག་ཙམ་བཙོངས་པ་ཡིན”རྩྭ་སྐྱ་ལུང་ཆུང་བ་གྲོང་ཚོའི་ལི་ཝུན་མིང་གིས་ལུག་ཚོང་བརྒྱབ་ནས་ལོ་10ལྷག་སོང་ཡང་ཚོང་རྒྱག་བདེ་པོ་འདི་འདྲ་ཐེངས་དང་པོ་ཡིན་པས་དགའ་ཚོར་ཆེན་པོ་བྱུང་བ་རེད།

    ལི་ཝུན་མིང་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཉི་ཟླ་ཤང་རྩྭ་སྐྱ་ལུང་ཆུང་བ་གྲོང་ཚོའི་འབྲོག་པ་ཞིག་ཡིན་ལ། “ལ་གཟར་ཞིང་ལུང་པ་ཁུག་ཀྱོག་ཆེ་བས་སྔོན་ཆད་ལམ་བདེ་པོ་མེད་པའི་ཁར་ཕྱི་རོལ་གྱི་ཆ་འཕྲིན་ཡང་གསང་པོ་མེད་སྟབས་ལུག་ཉོ་མཁན་ཡོང་བར་བསྒུགས་ནས་སྡོད་པ་ལས་ཐབས་གཞན་མེད། གལ་སྲིད་ལུག་ཉོ་མཁན་ཡོང་ཡང་གོང་ཡག་པོ་རག་གི་མེད” ལོ་ཧྲིལ་པོར་དཀའ་སྤྱད་སྡུག་རུས་བྱས་པའི་འབྲས་བུ་ལུག་ཚོང་རྒྱག་མཁན་དེ་ཚོས་ཁྱེར་འགྲོ་གི་འདུག་ཅེས་ལི་ཝུན་མིང་གིས་བཤད།

    ལོ་འདི་དག་རིང་། རྩྭ་སྐྱ་ལུང་ཆུང་བ་གྲོང་ཚོར་ལམ་བཟོས་ནས་ཆ་འཕྲིན་ཡང་གསང་པོ་བྱུང་བས་ལི་ཝུན་མིང་རང་ཉིད་ཕྱིར་བསྐྱོད་དེ་ལུག་ཉོ་མཁན་བཙལ་ཡང་ཚོང་ལམ་ཆེན་པོ་མེད་པའི་ཁར་ཁྲོམ་རའི་གནས་སྟངས་ཡང་རྒྱུས་ལོན་མེད་པས་གཉེར་སྐྱོང་དང་གསོ་ཚགས་གཞི་ཁྱོན་ཆེ་རུ་གཏོང་ཕོད་མེད། ཡིན་ན་ཡང་། ན་ནིང་གི་ཟླ་བཞི་པ་ནས་ལི་ཝུན་མིང“ཇ་རྟ་ཚོང་རའི”ཐོན་ལས་དྲ་སྦྲེལ་གྱི་ཐོ་བཀོད་སྤྱོད་མཁན་ལ་གྱུར་རྗེས། “APPའདི་དངོས་གནས་ཡག་པོ་འདུག ངས་འདིའི་ཐོག་ནོར་ལུག་ཚོང་བའི་ཆ་འཕྲིན་སྤེལ་རྗེས་ཉོ་འདོད་ཡོད་པའི་ཚོང་དུད་ཁག་ཅིག་གིས་འཕྲལ་དུ་ང་ལ་འབྲེལ་བ་བྱས་བྱུང་། ང་ཚོས་དེ་འཕྲལ་གོང་བསྒྲིགས་པ་ཡིན། རིན་གོང་དྲ་ཐོག་ནས་བསྒྲིགས། ཚོང་དྲ་ཕྱི་ནས་བརྒྱབ། དངོས་གནས་སྟབས་བདེ་པོ་འདུག དེས་མ་ཟད། ད་དུང་APPའདིའི་ཐོག་ཉིན་ལྟར་ཞིང་ཆེན་དེ་ཡོངས་ཀྱི་ས་ཁུལ་ཁག་གི་ཁྲོམ་རའི་རིན་གོང་ཡང་སྤེལ་གྱི་འདུག་པས། ཉོ་ཚོང་གང་བྱས་ཀྱང་རིན་གོང་ཐད་ཟུར་ལྟ་བྱེད་ས་འདུག”ཅེས་ལི་ཝུན་མིང་གིས་བཤད།

    “དྲ་སྦྲེལ་གྱི་ལག་རྩལ་བརྒྱུད་སྲོལ་རྒྱུན་གྱི་ཕྱུགས་རིགས་ཚོང་སྟངས་ལ་འགྱུར་བ་ཕྱིན་ཡོད། ཆ་འཕྲིན་མཉམ་སྤྱོད་དང་ཡོངས་བསྒྲགས་ཁ་གསལ་ཡོད་པས་ཇ་རྟ་ཚོང་རའི་ཐོན་ལས་དྲ་སྦྲེལ་གྱི་ལས་སྟེགས་འདི་ནི་ཆ་འཕྲིན་ལྟ་བ་དང་ཉོ་ཚོང་བྱེད་སའི་ལས་སྟེགས་ཙམ་མ་ཡིན་པར་ལས་སྟེགས་འདིས་ཞིང་ཆེན་དེ་ཡོངས་ཀྱི་འབྲེལ་ཡོད་ལས་རིགས་ལ་ཐོན་ལས་འཕེལ་རྒྱས་དང་འཚམ་ཤོས་ཀྱི་སྐྱེ་ཁམས་མ་ལག་མཁོ་འདོན་བྱེད་ཐུབ”ཅེས་གཙང་གསུམ་དབྱི་ལི་ཞིང་ལས་ཚོགས་པའི་ཆ་འཕྲིན་ཅན་གྱི་པུའུ་ཀྲང་ལིའུ་ཞའོ་ཧུའེ་ཡིས་ངོ་སྤྲོད་བྱས།

    ནོར་ལུག་གོང་ཡག་པོ་རག་རྗེས། ལི་ཝུན་མིང་གིས་ཁ་བ་བབས་ཀྱང་ལོ་གསར་གྱི་མཁོ་ཆས་ཉོས་རྗེས་རི་ལམ་ཀྱག་ཀྱོག་བརྒྱུད་ནས་རླངས་འཁོར་བཏང་སྟེ་རྩྭ་སྐྱ་ལུང་ཆུང་བ་གྲོང་ཚོར་ལོག གྲོང་ཚོ་དེའི་གསོ་ཚགས་དུད་ཆེན་ཞིག་ཡིན་པའི་ཆ་ནས། ལི་ཝུན་མིང་མགྱོགས་མྱུར་གྲོང་ཚོར་ལོག་ནས་ཐེངས་འདིར་ལུག་བཙོངས་པའི་ཉམས་མྱོང་སྤེལ་རེས་བྱེད་འདོད་ཡོད་པ་རེད།

    ཉི་ཟླ་རི་བོའི་འདབས་སུ་ཆགས་པའི་ཉི་ཟླ་ཤང་ནི་སྟོང་སྐོར་རྫོང་གི་བོད་རིགས་ཤང་འབའ་ཞིག་དེ་ཡིན་ཞིང་། ས་བབ་མཐོ་ཚད་སྨི་3100ཡས་མས་ཡོད་པ་དང་དཔེ་མཚོན་ཅན་གྱི་ས་མ་འབྲོག་ཅིག་ཡིན། དེ་གའི་འབྲོག་པ་ཚོས་སྤྱིར་ན་ནོར་ལུག་འཚོས་ནས་འཚོ་བ་འཕྱིད་ཐབས་བྱེད་པ་དང་རི་སྟེང་དུ་གཟན་རྩྭ་སྣ་ཚོགས་བཏབ་ཡོད། རྩྭ་སྐྱ་ལུང་ཆུང་བ་གྲོང་ཚོའི་གསོ་ཚགས་ཁུལ་ཆུང་དུ་ལི་ཝུན་མིང་གིས་ལུག་1000ཙམ་དང་ནོར་100ལྷག་ཙམ་གསོས་ཡོད།

    ཉེ་ཆར་གནམ་གཤིས་གྲང་བས་ནོར་ལུག་དག་ལྷས་རར་ཅི་དགར་སྔོ་རྩྭ་ཟ་བཞིན་ཡོད། ན་ནིང་ལི་ཝུན་མིང་གིས་སྨི་ངོས་གྲུ་200ལྷག་ཙམ་ཡོད་པའི་གྲོང་ཚོའི་གསོ་ཚགས་ཁུལ་ཆུང་གི་ལྷས་ར་ཨང་7པ་བོགས་མར་བླངས་པར་གླ་རིན་སྒོར་4000ལྷག་ཙམ་སྤྲད། “ཁྱིམ་གྱི་སྒོ་ར་ཆུང་དྲགས་པས་ལྷས་ར་དེ་འདྲ་ཞིག་མེད་ན་གངས་ཆར་བབས་པ་ལ་སོགས་ཀྱི་གནམ་གཤིས་ངན་པ་སྟོན་སྐབས་དྲི་ངན་བྲོ་བ་དང་། རྩྭ་ཡང་སྟེར་བདེ་པོ་མེད་པས་འགྲོ་སོང་འདི་གཏོང་རིན་ཆོག་སོང”ཞེས་ལི་ཝུན་མིང་གིས་བློ་བདེ་པོའི་ངང་བཤད།

    ཉི་ཟླ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་ཧྲེང་ཧའེ་ཡིས་ངོ་སྤྲོད་བྱས་པར། སྔོན་མ་རྩྭ་སྐྱ་ལུང་ཆུང་བ་གྲོང་ཚོའི་གསོ་ཚགས་ལྷས་ར་སྲོལ་རྒྱུན་གྱི་རྒྱག་སྟངས་ཡིན་པས་དེ་ཙམ་ཚད་ལྡན་མེད་པར་བརྟེན་ཐོན་སྐྱེད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ངེས་ཅན་ཐོན་པ་མ་ཟད། གྲོང་ཚོའི་འབྲོག་ཁྱིམ་གྱི་ལྷས་རའི་ཁོར་ཡུག་ཀྱང་གཙང་མ་མེད། “རྒྱུ་མཚན་དེ་དག་གིས་རྐྱེན་པས་ང་ཚོས་ནོར་སྲིད་དང་སྦྲེལ་མཐུད་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་གསབ་རོགས་དངུལ་བརྩོན་ལེན་བྱས་ནས་རྩྭ་སྐྱ་ལུང་ཆུང་བ་གྲོང་ཚོའི་མཉམ་སྡེབ་ཀྱི་མི་ཕྱུགས་ལོགས་དབྱེའི་གཅིག་སྡུད་གསོ་ཚགས་ཁུལ་ཆུང་བསྐྲུན་པ་དང་། དེ་རྗེས་གྲོང་ཚོ་མཉམ་སྡེབ་ཀྱིས་སྤྱོད་པར་རྩིས་སྤྲད་པ་ཡིན”ཞེས་ཀྲུའུ་ཧྲེང་ཧའེ་ཡིས་བཤད།

    རྩྭ་སྐྱ་ལུང་ཆུང་བ་གྲོང་ཚོའི་རྩིས་པ་ཀྲང་པའེ་ལིན་གྱིས་གསར་འགོད་པར། གྲོང་ཚོའི་མཉམ་སྡེབ་ཀྱི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གིས་གསོ་ཚགས་ཁུལ་ཆུང་གི་སྨི་ངོས་གྲུ་རེར་སྒོར་20བྱས་ནས་གྲོང་ཚོ་དེ་གའི་གསོ་ཚགས་དུད་ཚང་12ལ་བོགས་མར་གཏོང་རྒྱུ་ཡིན་པ་དང་ལི་ཝུན་མིང་ཡང་དེའི་ཁྲོད་ཀྱི་གྲས་ཤིག་རེད། ཁོང་ཚོ་དང་ལོ་ཕྱེད་ལ་བོགས་གླ་ཐེངས་རེ་བསྡུ་བའི་བོགས་གཏོང་གྲོས་མཐུན་བཞག་པ་ཡིན། དེ་ལྟར་བྱས་ན་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་འབབ་འཕར་སྒོར་ཁྲི་15ཡོང་གི་འདུག་ཅེས་བཤད་བྱུང་། “ཚད་ལྡན་གྱི་དཀར་ཆ་དོད་པའི་གསོ་ཚགས་ལྷས་ར་ཡོད་ལ་ད་དུང་སྟབས་བདེ་ལ་བློས་འགེལ་ཆོག་པའི་དྲ་རྒྱའི་ཉོ་ཚོང་ལས་སྟེགས་ཀྱང་ཡོད་པས་གསོ་ཚགས་དུད་ཚང་ལ་འབབ་འཕར་ཡོང་བའི་རེ་བ་ཆེན་པོ་ཡོད”ཅེས་ཀྲང་པའེ་ལིན་གྱིས་གདེང་ཚོད་ཆེན་པོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།