དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འདི་ལོ་རང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་6.84བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་38ལ་སྒྱུར་བཀོད་བྱ་རྩིས་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-14

     ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། 2024ལོར། རང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་6.84བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་38ལ་སྒྱུར་བཀོད་བྱ་རྩིས་ཡོད་པ་དེའི་ཁོངས་སུ་ཐེམ་དུད་12108ཡོད།

    གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལས་དོན་ཡག་པོ་སྒྲུབ་ཆེད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་མཐུན་སྦྱོར་འབྲེལ་གཏུག་ཤུགས་ཆེན་བྱས་ནས། ནོར་སྲིད་ཀྱི་ཁ་གསབ་སྲིད་ཇུས་ལ་ཞིབ་འཇུག་ནན་ཏན་བྱས་པ་རེད། 2024ལོར། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཀྱི་ཁ་གསབ་ཚད་གཞི་དེ་ཐོག་མའི་ཐེམ་དུད་རེར་སྒོར་ཁྲི་1.8ནས་ཐེམ་དུད་རེར་སྒོར་ཁྲི་3ཡས་མས་བར་མཐོ་རུ་བཏང་ནས་གྲོང་ཁྱེར་དང་། ས་ཁུལ། རྫོང(ཆུས)ཁག་གི་ནོར་སྲིད་ཀྱི་མ་དངུལ་གྲབས་གཤོམ་ཁུར་པོ་ཡང་དུ་གཏོང་རྩིས་ཡོད་པ་རེད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་2023ལོའི་ཟླ་11ནས་གྲོང་ཁྱེར་དང་། ས་ཁུལ། རྫོང(ཆུས)ཁག་གི་རྣམ་གྲངས་ཁྲིམས་མིའི་ཚན་པས་2024ལོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཀྱི་ལག་རྩལ་ཇུས་གཞི་བཟོ་བར་སྐུལ་འདེད་གཏོང་འགོ་ཚུགས་ཤིང་། གྲོང་ཁྱེར་དང་། ས་ཁུལ། རྫོང(ཆུས)ཁག་ལ་དམངས་འཚོའི་འགག་གནད་འབུར་དུ་ཐོན་པ་དང་དོན་དངོས་དང་ཟུང་འབྲེལ་གྱིས་འཐུས་སྒོ་ཚང་བའི་རིགས་ཀྱི་ཚད་གཞི་ལྟར་ཁུལ་ཆུང་རྙིང་པ་ཁག་གཅིག་སྒྱུར་བཀོད་བྱེད་དགོས་པ་དང་ཆབས་ཅིག ཁུལ་ཆུང་ནང་ཁུལ་གྱི་སྔོ་སྒྱུར་དང་། མཛེས་བཟོ། ལམ་སྒྲོན་གསར་འཛུགས། དེ་བཞིན་སྤྲོ་གསེང་ལུས་སྦྱོང་སོགས་མ་ལག་གི་སྒྲིག་བཀོད་སྒྱུར་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    རྣམ་གྲངས་ཀྱི་དུས་འགོའི་ལས་དོན་མགྱོགས་མྱུར་སྒྲུབ་པར་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ད་དུང་ཁྱབ་ཁོངས་མི་འདྲ་བའི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་2024ལོའི་ལོ་འཁོར་གྱི་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཀྱི་རྣམ་གྲངས་ལག་རྩལ་ཇུས་གཞིར་ཞིབ་དཔྱད་བྱས་པ་རེད། མིག་སྔར། གྲོང་ཁྱེར་དང་། ས་ཁུལ། རྫོང(ཆུས)ཁག་གིས《འགན་སྲུང་རང་བཞིན་གྱི་སྡོད་ཁང་སོགས་བདེ་སྡོད་ལས་གྲྭའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་ཆེད་སྤྱོད་རྣམ་གྲངས་ཀྱི་2024ལོའི་འཆར་གཞི་རེ་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ལྟར། གྲོང་སྲིད་རྨང་གཞིའི་སྒྲིག་བཀོད་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་ཅན་གྱི་བསམ་འཆར་བསྡུ་ལེན་བྱས་ནས། རྣམ་གྲངས་ཇུས་གཞིའི་འཆར་འགོད་ལ་བཟོ་བཅོས་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།