ས་བབ་མཐོ་ཚད་སྨི་4700ཡི་སར་མི་དམངས་ཀྱི་བདེ་ཐང་སྲུང་ལ་འབད།
—— མཚོ་ཆེན་རྫོང་ལ་རོགས་སྐྱོར་བྱེད་མཁན་ཡན་ཨན་སློབ་ཆེན་ཞོར་གཏོགས་སྨན་ཁང་གི་སྨན་བཅོས་ཚོགས་པ་ཁག་བཅུ་པའི་སྐོར་བཀོད་པ།
འདི་ནི་ཀའོ་ཡུང་ཐའོ་ཡིས་གཞི་རིམ་དུ་འོས་འགན་སྨན་བཅོས་བྱེད་རིང་འབྲོག་པ་ཚོར་སྨན་སྤྲོད་ཞོར་མཛའ་བརྩེའི་འཚམས་འདྲི་བྱེད་བཞིན་པ།
མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གི་ས་བབ་མཐོ་ཚད་སྨི་4700ཟིན་ཞིང་། དགུན་དུས་གྲང་རླུང་འུར་འུར་དུ་ལྡང་ཞིང་མིའང་འཁྱར་རེ་འཁྱོར་རེར་གསེག་འགྲོ། མཚོ་ཆེན་རྫོང་ལ་རོགས་སྐྱོར་བྱེད་མཁན་ཡན་ཨན་སློབ་ཆེན་ཞོར་གཏོགས་སྨན་ཁང་གི་སྨན་བཅོས་ཚོགས་པ་ཁག་བཅུ་པའི་རིགས་གཅིག་མཁས་ཅན་6གིས་ལ་དུག་དང་ཕ་ཡུལ་དང་བྲལ་བ་སོགས་ཀྱི་དཀའ་ངལ་མང་པོ་ཁྱད་དུ་བསད་ནས་བློ་གཅིག་སེམས་གཅིག་གིས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་སྲུང་སྐྱོང་བྱེད་པའི་བླ་ན་མེད་པའི་བྱ་གཞག་ལ་གཞོལ་བཞིན་ཡོད། ལོ་ཕྱེད་ནང་ཁོང་ཚོས་རང་ཉིད་ཀྱི་བློ་གྲོས་དང་འབད་བརྩོན་ལ་བརྟེན་ནས་མཚོ་ཆེན་རྫོང་མི་དམངས་སྨན་ཁང་ལ་སྨན་བཅོས་ལག་རྩལ་མང་པོ་མེད་པའི་སྟོང་ཆ་བསྐངས་པ་རེད།
པའེ་ཡན་པིན། ལུས་ཧྲིལ་པོ་སྦྲིད་པའི་གཤགས་བཅོས་ཁྱབ་གདལ་གཏོང་མཁན།
པའེ་ཡན་པིན་མཚོ་ཆེན་རྫོང་མི་དམངས་སྨན་ཁང་དུ་སླེབས་མ་ཐག་པའི་སྐབས་སུ་འདི་གར་ལུས་ཧྲིལ་པོ་སྦྲིད་པའི་གཤགས་བཅོས་ཀྱང་བྱེད་ཐུབ་ཀྱི་མེད་པ་ནི་ཁོང་གི་བསམ་ཡུལ་ལས་འདས།
ད་ལོའི་ཟླ་6པར། མཚོ་ཆེན་རྫོང་དུ་སླེབས་མ་ཐག་པའི་པའེ་ཡན་པིན་གྱིས་མཁྲིས་པའི་གཉན་ཚད་ཕོག་པའི་ནད་པ་ཞིག་སྐྱོབ་ཆེད་ལོ་15ཡི་རིང་སྦྲིད་སྨན་རྒྱག་པའི་ལས་ཀའི་ཉམས་མྱོང་ཡོད་པས་ཁོང་གིས་བློ་ཐག་ཆོད་པོས་འབྱིན་རྔུབ་འཕྲུལ་ཆས་ཀྱིས་སྦྲིད་སྨན་འཕྲུལ་ཆས་ཀྱི་ཚབ་བྱེད་རྒྱུའི་ཐག་བཅད་ནས་མཚོ་ཆེན་རྫོང་གི་ལུས་ཧྲིལ་པོ་སྦྲིད་པའི་མཁྲིས་པའི་གཤགས་བཅོས་དང་པོ་དེ་བྱས་པ་རེད། དེ་རྗེས་ཁོང་གིས་ཡང་འབྱིན་རྔུབ་འཕྲུལ་ཆས་ཀྱིས་སྦྲིད་སྨན་འཕྲུལ་ཆས་ཀྱི་ཚབ་བྱེད་པའི་ཐབས་ཀྱིས་གཤགས་བཅོས་ཐེངས་2བྱས་པ་རེད།
“འབྱིན་རྔུབ་འཕྲུལ་ཆས་ཀྱིས་སྦྲིད་སྨན་འཕྲུལ་ཆས་ཀྱི་ཚབ་བྱས་ནས་གཤགས་བཅོས་བྱེད་པ་ནི་ལག་རྩལ་ཡོད་པའི་མིའི་ངོས་ནས་བརྗོད་ན་དཀའ་ལས་ཁག་པོ་རང་མ་རེད། ཐབས་ཤེས་ཡག་པོ་ཤེས་པ་བྱ་རྒྱུ་ནི་འགག་རྩ་རེད”ཅེས་པའེ་ཡན་པིན་གྱིས་སྤོབས་པའི་འཛུམ་དང་བཅས་ཏེ“རྗེས་སུ་ང་ཚོས་འབྲེལ་ཡོད་ཀྱི་སྨན་རྫས་དང་ཟད་གྲོན་རྒྱུ་ཆ་ཉོ་རྒྱུའི་རེ་འདུན་ཞུས་པས་མཐར་གཤགས་བཅོས་4པ་མ་བྱས་གོང་སྦྲིད་སྨན་འཕྲུལ་ཆས་སྤྱོད་འགོ་བཙུགས་པ་མ་ཟད། མཚོ་ཆེན་རྫོང་མི་དམངས་སྨན་ཁང་འདི་ཉིད་ཀྱང་ལུས་ཧྲིལ་པོ་སྦྲིད་པའི་གཤགས་བཅོས་བྱེད་ཐུབ་པའི་སྨན་ཁང་གྲས་སུ་དངོས་སུ་ཚུད་ཡོད”ཅེས་བཤད།
སྦྲིད་སྨན་འཕྲུལ་ཆས་སྤྱད་རྗེས་དུས་ཐུང་ལོ་ཕྱེད་ནང་པའེ་ཡན་པིན་དང་ལས་རོགས་ཚོས་སྔ་རྗེས་སུ་ཕོ་བ་རྡོལ་རལ་འཚེམ་པའི་གཤགས་བཅོས་དང་། རྒྱུ་རླུག་འཚེམ་པའི་གཤགས་བཅོས། ཁམས་དམར་འདྲེན་སྦུབས་སྡོམ་པའི་གཤགས་བཅོས་སོགས་རྨ་ཆུང་གཤགས་བཅོས་39བྱས་པ་དང་། གཤགས་བཅོས་བྱེད་ཚད་མཚོ་ཆེན་རྫོང་མི་དམངས་སྨན་ཁང་གི་འདས་ཟིན་པའི་ལོ་འགའི་བསྡོམས་འབོར་ལས་བརྒལ་ཡོད་པ་རེད།
ལུའུ་རུང་། བྱིས་པའི་བདེ་ཐང་སྲུང་མཁན་གྱི་ལྷ་མོ།
ལུའུ་རུང་གིས་བོད་སྐྱོར་ལོ་ཕྱེད་བྱེད་རིང་རང་ཉིད་ཀྱི་སྤོབས་པ་ཆེ་ཤོས་ཀྱི་བྱ་བ་ནི་ཉེན་ཚབས་ཆེ་བའི་དམར་འབྱར་བཅུ་གྲངས་ཀྱི་ཚེ་སྲོག་བསྐྱབས་པ་དེ་ཡིན། དེའི་ཁྲོད་མཚེ་མ་བུ་མོ་ཞིག་སྐྱེས་ནས་ཡུན་རིང་མ་སོང་བར་འོ་མ་མི་འཐུང་བ་དང་དབུགས་ཉམས་ནས་མཚོ་ཆེན་རྫོང་མི་དམངས་སྨན་ཁང་དུ་འབྱོར་སྐབས་གློ་བ་དཀར་པོ་ཆགས་ནས་དབུགས་ཆད་ལ་ཁད་འདུག་ཅེས་གསར་འགོད་པར་བཤད།
ཕྲུ་གུའི་གཟུགས་པོ་ཡག་པོ་མེད་པར་དམིགས་ནས་ལུའུ་རུང་གིས་སྨན་ཚད་ལྡན་དང་ལུགས་མཐུན་ངང་སྤྱད་དེ་བླ་གཉན་ནད་དང་ཞོར་རྐྱེན་མི་ཡོང་བ་གང་ཐུབ་བྱས་པ་མ་ཟད། གོ་སྐབས་དེ་དང་བསྟུན་ནས་སྨན་ཁང་གི་བྱིས་ནད་ཚན་ཁག་ལ་སྒྲིག་སྲོལ་དང་ལམ་ལུགས་མང་པོ་ཞིག་བཟོས་པ་རེད།
བོད་སྐྱོར་བྱས་རྗེས། ལུའུ་རུང་གིས་སྔ་རྗེས་སུ་རྫོང་ཡོངས་ཀྱི་ཤང་4དང་གྲོང་རྡལ་1ཏུ་བསྐྱོད་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བདེ་ཐང་བརྟག་དཔྱད་བྱས་པ་དང་། ནད་གཞི་དབྱེ་འབྱེད་དཀའ་བ་དང་བཅོས་དཀའ་བའི་ནད་ཕོག་ཡོད་པའི་ཕྲུ་གུར་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་རིགས་གཅིག་མཁས་ཅན་དང་འབྲེལ་གཏུག་བྱེད་རོགས་བྱས་ཏེ། ནད་དཔྱད་བྱས་པ་དང་འབྲེལ་ཕྲུ་གུ་དང་རྒྱུན་དུ་འབྲེལ་གཏུག་བྱས་ནས་ནད་གཞིའི་གནས་ཚུལ་ལ་དོ་ཁུར་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཕྲུ་གུའི་བདེ་ཐང་སྲུང་སྐྱོང་བྱས་ཡོད།
ཀའོ་ཡུང་ཐའོ། དཀའ་ངལ་ཁྱད་དུ་བསད་ནས་ནད་པ་བྱམས་ཀྱིས་སྐྱོང་མཁན།
ཡན་ཨན་སློབ་ཆེན་ཞོར་གཏོགས་སྨན་ཁང་གི་མཚོ་ཆེན་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་ཁག་བཅུ་པས་གཤགས་བཅོས་ཐེངས་39བྱས་ཤིང་། གཤཌ་བཅོས་བྱེད་མཁན་གཙོ་བོ་ཀའོ་ཡུང་ཐའོ་ཡིན་པ་དང་། ཁོང་ལ་རང་གི་ཆེད་ལས་ཡིན་པའི་ཕྱི་ནད་དཀྱུས་མའི་གཤགས་བཅོས་ཀྱི་ལག་རྩལ་ཡོད་པ་མ་ཟད། བུད་མེད་ཚན་ཁག་དང་བུད་མེད་བུ་བཙའི་ཚན་ཁག་གི་གཤཌ་བཅོས་ལག་རྩལ་ཡང་ལྡན་ཡོད།
“ངས་མཚོ་ཆེན་རྫོང་དུ་བུ་སྣོད་ཕྱིར་སྦྲུམ་ཆགས་ཐེངས་2དང་སྐྱེ་སྒོ་གཅོད་པའི་གཤགས་བཅོས་ཐེངས་4བྱས་པ་ཚང་མ་དེ་སྔོན་བྱེད་མ་མྱོང་བ་ཤ་སྟག་ཡིན”ཞེས་ཀའོ་ཡུང་ཐའོ་ཡིས“ལྗོངས་ཕྱིའི་སྨན་ཁང་དུ་ཆེད་ལས་ཚན་ཁག་གསལ་པོ་དབྱེ་ཡོད་པས་ཕྱི་ནད་དཀྱུས་མའི་ཚན་ཁག་གི་སྨན་པས་ཆེད་ལས་དེ་རང་གི་གཤཌ་བཅོས་ལས་གཞན་བྱེད་ཆོག་གི་མེད། འོན་ཀྱང་མཚོ་ཆེན་དུ་གཤགས་བཅོས་བྱེད་མཁན་གཙོ་བོ་ང་རང་ལས་མེད་པས་ནད་པའི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་ཡོད་དུས་གཤགས་བཅོས་མི་བྱེད་ཀ་མེད་རེད”ཅེས་བརྗོད།
ཆེད་ལས་ལས་བརྒལ་ནས་གཤགས་བཅོས་བྱེད་པར་སྨན་བཅོས་ལག་རྩལ་རྩེ་གྲ་དང་སེམས་ཁམས་ཡག་པོ་ཡོད་དགོས་པས་ཀའོ་ཡུང་ཐའོ་ལ་སེམས་ཀྱི་གནོན་ཤུགས་ཆེན་པོ་བཟོས་ཡོད། སྟབས་ཡག་པ་ཞིག་ལ་ཁོང་གིས་བུད་མེད་ཚན་ཁག་དང་བུད་མེད་བུ་བཙའི་ཚན་ཁག་ཕྱོགས་ཀྱི་རྨང་གཞིའི་ཤེས་བྱར་རང་སྦྱོང་བྱས་ཡོད་པའི་ཁར་སྨན་བཅོས་རུ་ཁག་གི་རིགས་གཅིག་མཁས་ཅན་ཡོངས་ཀྱིས་ནུས་པ་ཡོད་ཚད་ཀྱིས་རམ་འདེགས་བྱས་པར་བརྟེན་ཁོང་གིས་བྱས་པའི་གཤགས་བཅོས་39ཚང་མ་ལམ་ལྷོངས་བྱུང་ཞིང་། ནད་པ་ཚང་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་ཡོད།
བོད་སྐྱོར་ལོ་ཕྱེད་བྱེད་རིང་། ཀའོ་ཡུང་ཐའོ་ཡིས་ནད་པ་མང་པོ་སྐྱོབ་བཅོས་བྱས་པ་མ་ཟད། ད་དུང་མཚོ་ཆེན་རྫོང་མི་དམངས་སྨན་ཁང་ལ་ཕྱི་ནད་ཚན་ཁག་གི་སྨན་པ་3དང་བུད་མེད་ཚན་ཁག་གི་སྨན་པ་1སེམས་ནུས་ཡོད་རྒུས་གསོ་སྐྱོང་བྱས་ཡོད།