མེ་ཏོག་རྫོང་གི་གནས་སྤོས་མང་ཚོགས་རྣམས་སྡོད་ཁང་གསར་པའི་ནང་འཚོ་བ་གསར་པར་རོལ།
2024ལོར་ལུགས་རྙིང་ལོའི་ལོ་གསར་དང་བོད་ཀྱི་ལོ་གསར་ཉིན་གཅིག་ལ་འཁེལ་ཞིང་།“གྲོང་མི་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་ལོ་གསར་གྱི་མཁོ་ཆས་ཉོ་བར་ཡོང་བས་ཉིན་ཤས་ནང་ངའི་ཚོང་ཁང་ནས་སྒོར་དྲུག་བརྒྱ་བདུན་བརྒྱ་ཙམ་གྱི་ཅ་ལག་བཙོངས་པ་ཡིན། གནས་མ་སྤོས་གོང་ལས་ཚོང་བྲིན་ཁ་ཧ་ཅང་རྒྱུག་པ་འདུག”ཅེས་པད་མ་གཡང་འཛོམས་ཀྱིས་བཤད།
པད་མ་གཡང་འཛོམས་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགའ་ལྡན་ཤང་དགའ་ལྡན་གྲོང་ཚོ་ནས་ཡིན་པ་དང་། ན་ནིང་དཔྱིད་ཀར་དགའ་ལྡན་གྲོང་ཚོས་དགའ་ལྡན་ཤང་སྲིད་གཞུང་དང་མཉམ་དུ་གྲོང་ཚོ་ཧྲིལ་པོ་ད་ལྟའི་གནས་ཡུལ་དུ་སྤོས་པས་རྫོང་གྲོང་དང་བར་ཐག་སྤྱི་ལེ་124ཡིན་པ་ནས་སྤྱི་ལེ་63བར་ཐུང་དུ་ཕྱིན་ཡོད། གྲོང་མི་ཚོ་སྡོད་ཁང་གསར་པའི་ནང་སྡོད་རྒྱུ་བྱུང་བ་དང་། ཆུ་དང་གློག་སོལ་རླངས་སོགས་ཤར་གཏོང་ཐུབ་པ། སྒོ་འགྲམ་དུ་སློབ་གྲྭ་དང་། འཕྲོད་བསྟེན་ཁང་། སྦྲག་སྲིད་སུའོ་བཅས་ཡོད་པ་རེད།
གནས་སྤོས་རྗེས་དགའ་ལྡན་གྲོང་ཚོའི་གྲོང་མི་བསམ་གཏན་དོན་གྲུབ་ཀྱིས་ཉེ་འགྲམ་གྱི་གྲོང་ཚོ་4ཡི་གྲོང་མི་དང་མཉམ་དུ་ལས་གྲྭའི་རླངས་འཁོར་རུ་ཁག་བཙུགས་པ་དང“གྲོང་ཚོ་གསར་པའི་འགྲིམ་འགྲུལ་སྟབས་བདེ་ལ་ཉེ་འགྲམ་དུ་འཛུགས་སྐྲུན་རྣམ་གྲངས་མི་ཉུང་བ་ཞིག་ཡོད་པས་གོ་སྐབས་ཧ་ཅང་མང་པོ་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད།
བསམ་གཏན་དོན་གྲུབ་ཀྱིས་གྲོང་མི་ཚོའི་སྣེ་ཁྲིད་དེ་ལས་སྒྲུབ་ལས་གཏོད་བྱས་ཤིང་། ཁོང་གིས“ན་ནིང་རླངས་འཁོར་རུ་ཁག་ལ་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་100ཙམ་བྱུང་བས་ང་ཚོའི་ཁྱིམ་ཚང་ཁོ་ནས་རླངས་འཁོར་3དང་རྐོ་འདྲུའི་འཕྲུལ་འཁོར་1ཉོས་པ་ཡིན”ཞེས་བཤད།
གནས་སྤོས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་འགན་ལེན་བྱ་ཆེད། རྫོང་དང་ཤང་རིམ་པ་གཉིས་ཀྱི་སྲིད་གཞུང་གིས་བྱེད་ཐབས་མང་པོ་སྤྱད་ཡོད། ན་ནིང་ཚུན་དུ། ཟོག་འདྲེན་རླངས་འཁོར་ཁ་ལོ་བའི་ལག་རྩལ་ཚུད་པའི་རྩལ་ནུས་གསོ་སྦྱོང་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་བྱས་ཡོད། “ང་ཚོས་མཉམ་སྡེབ་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་མང་ཚོགས་ཀྱི་ལས་གཏོད་དང་ལས་ཞུགས་ལ་སྐུལ་འདེད་བཏང་ཡོད། 2023ལོར་དགའ་ལྡན་ཤང་གི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ཡན་ཟིན་པ་དེ་དུས་མཚུངས་ལས་50%ལྷག་ཙམ་འཕར་ཡོད” ཅེས་ཡའོ་ཀོན་ཕིང་གིས་བཤད།
(《མི་དམངས་ཉིན་རེའི་ཚགས་པར》གྱི་2024ལོའི་ཟླ་2ཚེས་10ཉིན་གྱི་པར་ངོས་དང་པོ་ནས་བདམས)