དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྟག་རྩེ་ཆུས་ཀྱི་གསར་དུ་བསྐྲུན་པའི་རླངས་འཁོར་འཇོག་ས་7ཚང་མ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-10

    “སྒོ་འགྲམ་གྱི་ལམ་གསར་པ་དང་། གསལ་ཐིང་ཐིང་གི་གློག་སྒྲོན། རླངས་འཁོར་འཇོག་ས་གསར་པ། གཙང་ལ་གྲལ་འགྲིག་པའི་གད་སྙིགས་བླུགས་སྣོད་བཅས་ལས་ང་ཚོའི་སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པས། དེ་དག་མཐོང་སྐབས་ངའི་སེམས་ནང་དངོས་འབྲེལ་དགའ་ཚོར་ཆེན་པོ་འདུག”ཅེས་གྲོང་མི་སྒྲོལ་མ་ལྷ་མོས་རང་ཁྱིམ་གྱི་སྒོ་འགྲམ་དུ་དགུན་ཁའི་དྲོ་འཇམ་ཉི་མ་སྲོ་བཞིན་མདུན་ལ་གསར་དུ་བསྐྲུན་པའི་རླངས་འཁོར་འཇོག་སར་བལྟས་ཏེ་གསར་འགོད་པར་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྟག་རྩེ་ཆུས་ཀྱིས་2023ལོའི་ལོ་མཇུག་ཏུ་གསར་དུ་བསྐྲུན་པའི་རླངས་འཁོར་འཇོག་ས་7ལ་ཁྱོན་རླངས་འཁོར་འཇོག་གནས་1200ཡོད་པ་དང་མིག་སྔར་ཚང་མ་སྤྱོད་འགོ་ཚུགས་ཡོད། སྟག་རྩེ་ཆུས་ཀྲུང་གོ་རྡོ་སྣུམ་སྣུམ་སྣོན་ས་ཚིགས་རྒྱབ་ཀྱི་སྤྱི་སྤྱོད་རླངས་འཁོར་འཇོག་སར་རླངས་འཁོར་30ལྷག་ཙམ་གྲལ་འགྲིག་ལ་གོ་རིམ་ལྡན་པའི་ངང་བཞག་ཡོད་ལ། རླངས་འཁོར་འཛུལ་ཐོན་གྱི་སྒྲིག་ལམ་ཡང་གོ་རིམ་ལྡན་པ་ཞིག་ཡོད། “སྔོན་ཆད་འདི་གར་རླངས་འཁོར་འཇོག་ས་ཧ་ཅང་དཀོན་པས། གལ་ཏེ་ནང་ལ་ལོག་རྒྱུ་ཕྱི་དྲགས་ན་རླངས་འཁོར་འཇོག་ས་རག་གི་མེད། ད་ཆ་རླངས་འཁོར་འཇོག་ས་དེ་གསར་དུ་བསྐྲུན་པས་ནང་དུ་ལོག་དུས་རླངས་འཁོར་འཇོག་སའི་ཐད་སེམས་ཁྲལ་མིན་འདུག”ཅེས་གསང་སྔགས་དགོན་གྱི་ཁྲོམ་གཞུང་རྒྱུད་དུ་སྡོད་མཁན་གྲོང་མི་བསོད་ནམས་ཀྱིས་གསར་དུ་བསྐྲུན་པའི་རླངས་འཁོར་འཇོག་ས་དེར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།

    ལམ་དུམ་ཁག་གཅིག་ཏུ་རླངས་འཁོར་འཇོག་དཀའ་བ་དང་འཇོག་ས་དཀོན་པ་སོགས་ཀྱི་གནད་དོན་ཞི་ལྷོད་དུ་གཏོང་ཆེད། སྟག་རྩེ་ཆུས་ཀྱིས“ཡུལ་བབ་དང་བསྟུན་པ་དང་ཐར་ཐོར་གྱི་ས་ཆ་སྤྱད་དེ་ས་ཆའི་ཐོན་ཁུངས་བསྡུ་སྒྲིལ་དང་ལེགས་སུ་བཏང་ནས། 2023ལོའི་ལོ་མཇུག་ཏུ་བདེ་ཆེན་གྲོང་རྡལ་སྲིད་གཞུང་གི་མདུན་དང་། བདེ་སྐྱིད་སྡེ་ཁུལ་གྱི་ཡུག་ཁུལ། སྟག་རྩེའི་ཁྱིམ་གཞིས་ཀྱི་ནུབ་ངོས། བདེ་ཆེན་གྲོང་ཚོའི་ཚོགས་ཆུང་6པ། བདེ་ཆེན་གྲོང་ཚོའི་ཚོགས་ཆུང་7པ། ཀྲུང་གོ་རྡོ་སྣུམ་སྣུམ་སྣོན་ས་ཚིགས་ཀྱི་རྒྱབ་ངོས་སོགས་སུ་རླངས་འཁོར་འཇོག་ས་གསར་དུ་སྐྲུན་པས། གྲོང་མིའི་རླངས་འཁོར་འཇོག་སའི་དགོས་མཁོ་བསྐངས་བ་མ་ཟད། གྲོང་ཁྱེར་གྱི་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། ཡང་སྒོས་མང་ཚོགས་ཀྱི་འཚོ་བར་དེ་བས་བློ་བདེ་བག་ཕེབས་དང་སྟབས་བདེ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།