རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་དམངས་འཚོའི་ཕན་འབྲས་ཆེ་རུ་བཏང་བ།
ལྷ་ས་གྲོང་ཁྱེར་གྱི་ས་གཙང་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་མྱུར་བྲིས།
འདི་ནི་ལྷ་ས་ས་གཙང་ཚོགས་པའི་དམངས་ཕན་དངོས་རྫས་མཁོ་སྤྲོད་ས་ཚིགས་ཡིན་པ།
འདི་ནི་ལྷ་ས་ས་གཙང་ཚོགས་པས་ལྷུན་གྲུབ་རྫོང་གི་མང་ཚོགས་ཀྱིས་བཏབ་པའི་ནས་ཉོ་སྒྲུབ་བྱེད་བཞིན་པ།
རང་ལྗོངས་ཀྱི་ཆུ་དང་། ས་རྒྱུ། མཁའ་རླུང་། མི་ཆོས་ཁོར་ཡུག་བཅས“སྦགས་བཙོག་མ་ཤོར་བ་བཞིའི”ས་ཁོངས་ཀྱི་ལེགས་ཆར་དམིགས་ཏེ། 2013ལོར་ལྷ་ས་གྲོང་ཁྱེར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་འདེད་དང“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ”འཕེལ་རྒྱས་ཀྱི་ངེས་གནས་སྲུང་སྐྱོང་ཡག་པོ་བྱེད་པར་གཞི་ཚུགས་ནས“ས་གཙང་བདེ་ཐང་ཐོན་ལས”སྐོར་ཐེངས་གླེང་ནས“ལྷ་སའི་ས་གཙང”གི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།
ལྷ་ས་གྲོང་ཁྱེར་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚོགས་པ་ཚད་ཡོད་ཀུང་སི(གཤམ་ལ“ལྷ་ས་ས་གཙང་ཚོགས་པ”ཞེས་བསྡུ་རྒྱུ)བཙུགས་ཚུན། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“ནས་དང་། འབྲི་གཡག བོད་བྱ། རང་བྱུང་འཐུང་ཆུ”སོགས་ས་གཙང་བདེ་ཐང་གི་ཐོན་ལས་གཙོ་བོའི་འཆར་འགོད་ལ་དམ་པོར་དམིགས་པ་དང་ཚོགས་པའི“དམངས་འཚོ་འགན་ལེན་དང་། ཚོང་དོན་འཁོར་རྒྱུག ས་གཙང་མ་འཇོག”བཅས་གཙོ་གཉེར་ལས་སྒོ་ཆེན་པོ་གསུམ་དང“ཞིང་ལས་མ་འཇོག་དང་། ཚོང་དོན་འཁོར་རྒྱུག ཁྱད་ལྡན་ཐོན་རྫས། དམངས་འཚོའི་མཁོ་སྤྲོད་འགན་ལེན། སྨན་རྫས་བདེ་ཐང”བཅས་བྱ་གཞག་གླིང་ཆེན་པོ་ལྔ་དང་ཟུང་འབྲེལ་བྱས་ཏེ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས“ཞིང་ནང་ནས་གསོལ་ཅོག”བར་གྱི་ཐོན་ལས་འཁོར་འབྲེལ་ཆ་ཚང་ཞིག་བཏོད་ཡོད།
2023ལོའི་ཟླ་11པའི་ཟླ་མཇུག་བར། ལྷ་ས་ས་གཙང་ཚོགས་པར་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་4.2བྱུང་བ་དེ་2022ལོའི་དུས་མཚུངས་དང་བསྡུར་ན་24.24%འཕར་ཡོད། 2023ལོའི་ཟླ་11པའི་ཟླ་མཇུག་བར། ལྷ་ས་གྲོང་ཁྱེར་ས་གཙང་ཚོགས་པས་རིམ་རྩིས་བྱས་ན་ཞིང་འབྲོག་པ་མི་ཐེངས་ཁྲི་1.25ལ་འབབ་འཕར་སྒོར་ཁྲི་3215.4ཡོང་བར་སྐུལ་ཁྲིད་བྱས་པ་རེད།
རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་བརྒྱད་གཅིག་ཞིང་ཞོར་ཐོན་རྫས་ཁྲོམ་ར་ནས་གསར་འགོད་པས་མཐོང་གསལ། སྒྱུར་བཀོད་བྱས་རྗེས་ཀྱི་ཁྲོམ་ར་ཡངས་ཤིང་དཀར་ཆ་དོད་ལ་ཁྲོམ་བཀྱག་བཀོད་སྒྲིག་ཡག་པོ་བྱས་པ་མ་ཟད། ད་དུང་ཐོན་རྫས་རིགས་དབྱེའི་བྱང་བུ་ཡང་བཟོས་ཏེ་བཀལ་ནས་ཐོན་རྫས་ཕྱིར་ཚོང་གི་ས་ཁོངས་ཁ་གསལ་དབྱེ་འདུག སྐྱིད་སྣང་དོད་པའི་ཟོག་ཉོའི་ཁོར་ཡུག་དང་། འཆར་འགོད་འཐུས་སྒོ་ཚང་བའི་ཁྲོམ་བཀྱག རིག་ལྡན་སྤྱི་བསྒྲགས་ཡོལ་བ་ཆེན་པོ་སོགས་མཁྲེགས་ཆས་སྒྲིག་བཀོད་རབ་དང་རིམ་པ་ལས་མང་ཚོགས་ཤ་ཚལ་སོགས་ཉོ་བའི་ཐད་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཕྱིན་ཡོད།
བརྒྱད་གཅིག་ཞིང་ཞོར་ཐོན་རྫས་ཁྲོམ་ར་རིམ་སྤོར་སྒྱུར་བཀོད་བྱས་པ་ནི་ལྷ་ས་གྲོང་ཁྱེར་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་བརྟན་པོ་བྱུང་བའི་བསྡུས་རིས་ཤིག་རེད། 2023ལོར་ལྷ་ས་གྲོང་ཁྱེར་ས་གཙང་ཚོགས་པས་རྣམ་གྲངས་དམ་འཛིན་བྱ་གཞིར་བྱེད་པ་དང་། ཁྱད་ལྡན་འདེགས་སྐྱོར་དུ་བྱེད་པ། ཁྲོམ་ར་སྟོན་ཕྱོགས་སུ་བྱེད་པ་བཅས་བྱས་ཏེ། རྣམ་གྲངས་འགངས་ཆེན་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ནས་ས་གཙང་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ་རེད། བོད་བྱ་གསོ་ཚགས་ར་བ་རིམ་སྤོར་སྒྱུར་བཀོད་བྱས་རྗེས་བྱ་དེ་གསོ་ཚགས་ཀྱི་གཞི་ཁྱོན་ཁྲི་5.1བར་མང་དུ་བཏང་བས་ལོར་སྒོ་ང་གཏོང་ཚད་ཁྲི་170ཙམ་ཟིན་པ་དང་། བོད་ལྗོངས་ཏ་ཀྲའོ་ཕུའུ་ནས་ཀྱི་བག་ལེབ་བཟའ་བཅའ་ཚད་ཡོད་ཀུང་སི་མཉམ་ལས་བྱས་ཏེ་བཙུགས་ཏེ་ནས་ཀྱི་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན་དང་། རིགས་དབྱེ། ཞིབ་དཔྱད་ཚད་ལེན། བགོ་བཤའ་དང་སྐྱེལ་འདྲེན་བཅས་གཞི་གཅིག་ཏུ་བསྡུས་པའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་2ཙམ་ཟིན་པའི་འགན་ལེན་མཁོ་སྤྲོད་ཀྱི་རྟེན་གཞི་བསྐྲུན་ནས་འཁོར་རྒྱུག་བྱས་པ་རེད།
ཕྱིར་ཚོང་ཐབས་ལམ་གཏོད་པར་སྐུལ་འདེད་ཏན་ཏིག་བཏང་བ།
ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད། ལྷ་ས་ས་གཙང་བདེ་ཐང་ཐོན་ལས་ལ་ནས་དང་། འབྲི་གཡག བོད་བྱ། བོད་སྤོས། བོད་རུམ། རང་བྱུང་འཐུང་ཆུ། ས་མཐོའི་དཀར་ཆུའི་ལས་རིགས། ཡུལ་སྐོར་ལས་རིགས་སོགས་ཐོན་ལས་མཉམ་འདྲེས་བཅས་འཕེལ་རྒྱས་བྱང་ནས་ས་མཐོའི་སྐྱེ་ལྡན་བདེ་ཐང་བཟའ་བཅའ་དང་། ས་མཐོའི་སྐྱེ་ལྡན་ཚེ་སྲོག་ཐོན་རྫས། ས་མཐོའི་འཕྲོད་སྦྱོར་སྨན་རྒྱུ་སོགས་ས་གཙང་ཐོན་ལས་ཁག་གཅིག་གསར་སྤེལ་བྱས་པ་རེད།
འོན་ཀྱང་ཇི་ལྟར་བྱས་ཏེ་ཕྱིར་ཚོང་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ནས“ཉོ་དཀའ་བ”དང“འཚོང་དཀའ་བའི”དབར་གྱི་སྦྲེལ་ཟམ་བཙུགས་ཏེ་ཐོན་རྫས་ཕྱིར་ཚོང་དཀའ་བའི་གནད་དོན་ཐག་གཅོད་བྱེད་པའི་ཐད། ལྷ་ས་ས་གཙང་ཚོགས་པས་བྱེད་ཐབས་སྣ་མང་མཉམ་དུ་བཏོན་ནས་སྤུས་ལེགས་དང་། ནུས་ཆེ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་ཕྱིར་ཚོང་ཐབས་ལམ་གསར་པ་རབ་དང་རིམ་པ་འཚོལ་ཞིབ་བྱས་པ་རེད།
ས་གཙང་ཐོན་རྫས་གསར་པ་ཞིབ་སྤེལ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཁེ་ལས་ཀྱི་རང་བརྟེན་གསར་གཏོད་དང་། རང་བརྟེན་ཞིབ་སྤེལ། ཁྲོམ་རའི་འགྲན་རྩོད་ནུས་པ་བཅས་ཆེ་རུ་ཏན་ཏིག་གཏོང་ཆེད། ལྷ་ས་ས་གཙང་ཚོགས་པའི་མངའ་ཁོངས་ཀྱི་ཐོན་རྫས་འགྲེམས་ཚོང་ཀུང་སིས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། བོད་ཀྱི་ཁྱད་ལྡན་ཐོན་རྫས་བོད་བྱ་དང་། ཚགས་ཤ། བེ་ཤ་བཅས་དང་ཀུའེ་ཀྲོའུ་ཡི་སུར་པན་སྦྱོར་རྟ་བྱས་ཏེ་བོད་བྱའི་སུར་པན་དམར་འདུར་དང་། བེ་ཤའི་སུར་པན་དམར་འདུར། ཚགས་སའི་སུར་པན་དམར་འདུར་སོགས་ཐོན་རྫས་གསར་པ་རིགས་10ཞིབ་སྤེལ་བྱས་པ་དང་འབྲེལ། ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་གྱིས་ཐོན་རྫས་གསར་པར་དམིགས་ནས་ལེ་ལག་ཚང་བའི་ཕྱིར་ཚོང་ཇུས་གཞི་བཟོས་ཏེ། ཐོན་རྫས་གསར་པ“ཐོན་སྐྱེད་ཐུབ་ལ་ཕྱིར་ཚོང་ཐུབ་པའི”འགན་ལེན་བྱས་པ་རེད།
ཞིང་འབྲོག་པའི་འབབ་འཕར་བརྟན་ལ་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ལྷ་ས་ས་གཙང་ཚོགས་པས“ཀུང་སི་+རྟེན་གཞི+ཞིང་དུད”བཅས་ལ་གཞིགས་ནས་མངག་ཐོ་རྣམ་པའི་ཉོ་སྒྲུབ་བྱས་ཏེ་ཐོན་ལས་ཀྱིས་དབུལ་སྐྱོར་ལ་སྐུལ་ཁྲིད་བྱས་པས་ཞིང་འབྲོག་པར་འབབ་འཕར་དང་། ཀུང་སིར་ཁེ་སྤོགས། ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་བཅས་བྱུང་བ་རེད། ཞིང་འབྲོག་པ་ལྗང་མདོག་འཕེལ་རྒྱས་དང་ཐོན་ལས་འཕེལ་རྒྱས་ལ་ཞུགས་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཁེ་ཕན་འབྲེལ་མཐུད་ལམ་སྲོལ་བཟོས་ནས་ཞིང་འབྲོག་པར་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་བྱེད་པ་དེ་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་དང་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་ཀྱི་བསྡུས་རིས་ཤིག་ཏུ་གྱུར་བ་རེད།
2023ལོར་ལྷ་ས་ས་གཙང་ཚོགས་པས་ཞིང་འབྲོག་པའི་འབབ་འཕར་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གྱི་ཐབས་ཇུས་བཀོད་སྒྲིག་འགངས་ཆེན་ལ་དམ་པོར་དམིགས་ཏེ་བཀོད་སྒྲིག་ཞིབ་ཚགས་དང་བྱེད་ཐབས་ཤུགས་ཆེར་བཏང་བ་དང་། འབྲི་གཡག་ཐོན་ལས་དང་བོད་བྱའི་ཐོན་ལས་ལ་བརྟེན་པ། འཛད་སྤྱོད་དབུལ་སྐྱོར་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་སོགས་བརྒྱུད“མངག་ཐོའི་ཞིང་ལས”དང“རྣམ་གྲངས་ཀྱི་སྐུལ་ཁྲིད”སོགས་དམ་འཛིན་བྱ་གཞིར་བྱས་ཏེ་ཐོན་ལས་དང་། རྣམ་གྲངས། ལས་གནས་བཅས་ཀྱིས་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ཞིང་འབྲོག་པའི་འབབ་འཕར་ལས་དོན་ཏན་ཏིག་སྤེལ་བས་ལོ་འཁོར་མོའི་དམིགས་ཚད་ལས་འགན་གྱི་103.4%ལེགས་གྲུབ་ཟིན་ཏེ་སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་བདེ། སྐྱེ་ཁམས་དམངས་ཆེད་བཅས་ཀྱི་ནུས་པ་ཐོན་པ་རེད།