དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    འཛམ་གླིང་གིས་དཔྱིད་གསར་དུས་ཆེན་གཏོང་བ་ནི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-09

    ཚེས་6ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། འཛམ་གླིང་གིས་དཔྱིད་གསར་དུས་ཆེན་གཏོང་བ་ནི་ཀྲུང་ཧྭའི་ཤེས་དཔལ་དང་ཤེས་དཔལ་མི་འདྲ་བ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་མཛེས་ཀུན་གཅིག་འདུས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་དཔྱིད་གསར་དུས་ཆེན་གྱི་སྤྲོ་སྣང་མཉམ་སྤྱོད་དང་ལག་གདང་སྦྲེལ་ནས་དེ་བས་བདེ་སྐྱིད་ལྡན་པ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    “དཔྱིད་གསར་དུས་ཆེན་ནི་ཁྱིམ་ཚང་ཁྲི་སྟོང་མཉམ་འཛོམས་བྱེད་པའི‘ཀྲུང་གོའི་དུས་སྐབས’ཤིག་ཡིན་ལ་གོ་ལ་ཧྲིལ་པོས་མཉམ་དུ་རྟེན་འབྲེལ་ཞུ་བའི་རྒྱལ་སྤྱིའི་གུང་གསེང་ཉིན་མོ་ཞིག་ཀྱང་རེད” དབང་ཝུན་པིན་གྱིས་དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག འདི་ལོའི་དཔྱིད་གསར་དུས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་ལུགས་རྙིང་ལོའི་ལོ་གསར་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གུང་གསེང་ཉིན་མོར་རྩིས་རྗེས་ཀྱི་ལོ་གསར་ཐོག་མ་དེ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་ཝི་ཨེན་ནའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་སོགས་ཀྱིས་ཉེ་ཆར་ཀྲུང་གོའི་ལུགས་རྙིང་ལོའི་ལོ་གསར་ལ་དངོས་སུ་རྟེན་འབྲེལ་ཞུས་པ་རེད། མིག་སྔར་གོ་ལ་ཧྲིལ་པོའི་རྒྱལ་ཁབ་20ཙམ་གྱིས་དཔྱིད་གསར་དུས་ཆེན་དེ་ཁྲིམས་གཏན་འཁེལ་བའི་དུས་ཆེན་གྱི་གུང་གསེང་ཉིན་མོར་གཏན་འཁེལ་བྱས་པ་དང་གོ་ལ་ཧྲིལ་པོའི་མི་འབོར་ལྔ་ཆ་གཅིག་གིས་རྣམ་པ་མི་འདྲ་བའི་ཐོག་ནས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་གི་ཡོད་པ་རེད། ཤར་ཕྱོགས་ནས་ནུབ་ཕྱོགས་བར་དང་སའི་གོ་ལའི་བྱང་ཕྱེད་མ་ནས་སའི་གོ་ལའི་ལྷོ་ཕྱེད་མའི་བར་གྱི་འཛམ་གླིང་རྒྱལ་ཁབ་ཁག་ལ“ཀྲུང་གོའི་དམར་མདངས”འཕྲོས་ནས་སྤྲོ་སྣང་དང་བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པ་མཉམ་སྤྱོད་བྱེད་པ་དང་རྣམ་པར་བཀྲ་བའི་ཀྲུང་ཧྭའི་རིག་གནས་མྱོང་རོལ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    དབང་ཝུན་པིན་གྱིས་ངོ་སྤྲོད་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱལ་ཁབ་ཁག་གི་གཞུང་ཚབ་པས་གཅིག་རྗེས་གཉིས་མཐུད་ངང་ཅའོ་ཙེ་བཟོ་བ་དང་། བཀྲ་ཤིས་མཚོན་རྟགས་ཀྱི་ཡི་གེ་འབྲི་བ། ཤོག་དྲས་བཟོ་བ་སོགས་དཔྱིད་གསར་དུས་ཆེན་གྱི་གོམས་སྲོལ་ཉམས་ལེན་བྱེད་ཀྱི་ཡོད། ནེའུ་ཙི་ལན་གྱི་ཙུང་ལི་ལཱ་ཁེ་སེན་གྱིས་ཨའོ་ཁེ་ལན་དུ“དཔྱིད་གསར་མེ་ཏོག་ཚོང་འདུས་ཀྱི་མཉམ་སྤྲོའི་ཉིན་མོའི”བྱེད་སྒོར་ཞུགས་ནས་ས་གནས་དེ་གའི་ཕྱི་ཁོངས་ཀྲུང་གོ་བ་སྟོང་ཕྲག་ཁ་ཤས་དང་མཉམ་དུ་འབྲུག་ལོའི་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་པ་རེད། བྷེ་ཨུ་རུ་སུས“དྲོ་སྐྱིད་ལྡན་པའི་དཔྱིད་གསར་བསུ·ཐུན་མོང་ཐོག་ཀྲུང་གོའི་ལོ་གསར་ལ་རྟེན་འབྲེལ་ཞུ”ཞེས་པའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྒྲོག་རོལ་དབྱངས་འདུ་ཚོགས་འཚོགས་པ་དང་ཀྲུང་གོ་དང་བྷེ་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་རོལ་དབྱངས་མཁས་ཅན་གྱིས་མཉམ་དུ་ལྟད་མོ་བ་ཚོར་རིག་རྩལ་གྱི་སྟོན་མོ་བཤམས་པ་རེད། འཇར་མན་གྱི་ཧའེ་ཏེ་པའོ་ཡིས“དཔྱིད་གསར་དུས་ཆེན་གྱི་ཚོགས་མཆོད”གཉེར་ནས་དཔྱིད་གསར་ཆ་ཡིག་དང་བཀྲ་ཤིས་མཚོན་རྟགས་ཀྱི་ཡི་གེ་འབྲི་བ་སོགས་དམངས་སྲོལ་ཉམས་ལེན་གྱིས་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། ཨ་རིའི་ཉིའུ་གཡོད་ཀྱི་གྲོང་ཁྱེར་ཆེན་པོའི་སྒྱུ་རྩལ་རྟེན་མཛོད་ཁང་གིས“འབྲུག་ལོ་དགའ་བས་བསུ·དཔྱིད་གསར་དགའ་གཏོང་བྱེད”ཅེས་པའི་རྟེན་འབྲེལ་བྱེད་སྒོ་སྤེལ་ཞིང་། འབྲུག་རྩེད་དང་། ཤིང་དཔར་གྱི་ལོ་གསར་རི་མོ། འབྲུག་ལོའི་དམིགས་བསལ་འགྲེམས་སྟོན་སོགས་ལྟད་མོ་ཧ་ཅང་ཆེན་པོ་ཡོད་པ་རེད།

    “དཔྱིད་གསར་དུས་ཆེན་གྱིས་ཞི་བདེ་དང་། འཆམ་མཐུན། ཞི་མཐུན་བཅས་ཀྱི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་འདུ་ཤེས་རྒྱུན་འཛིན་བྱེད་ཀྱི་ཡོད། འཛམ་གླིང་གིས་དཔྱིད་གསར་དུས་ཆེན་གཏོང་བ་ནི་ཀྲུང་ཧྭའི་ཤེས་དཔལ་དང་ཤེས་དཔལ་མི་འདྲ་བ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་མཛེས་ཀུན་གཅིག་འདུས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད” དབང་ཝུན་པིན་གྱིས“ང་ཚོས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་དཔྱིད་གསར་དུས་ཆེན་གྱི་སྤྲོ་སྣང་མཉམ་སྤྱོད་དང་དཔྱིད་དཔལ་ལ་མྱོང་རོལ་བྱས་ནས་དེ་བས་བདེ་སྐྱིད་ལྡན་པ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་ལག་གདང་སྦྲེལ་ནས་བསྐྱོད་པའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།