དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ནང་འདྲེན་གྱི་ལོ་གསར་མཁོ་ཆས་བོད་ལྗོངས་ལྷ་སར་བྲིན་ཁ་རྒྱུག་པ།

    དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཏའེ་ལིན།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-09

    “ནང་འདྲེན་གྱི་ལོ་གསར་མཁོ་ཆས་ཁྲོམ་རར་ལྟ་བར་འགྲོ་དང”གཟའ་མཇུག་ལ་བོད་ལྗོངས་ལྷ་སའི་གྲོང་མི་ཧྥན་ཧུང་དབྱིང་གིས་གྲོགས་མོ་ཁྲིད་ནས་བོད་ལྗོངས་ལྷ་ས་གྲོང་ཁུལ་དགའ་སྐྱིད་གླིང་ཐང་ཆེན་དུ་གནས་པའི་ལོ་གསར་གྱི་ནང་འདྲེན་མཁོ་ཆས་ཁྲོམ་རར་བསྐྱོད། ཐང་ག་དང་། ཤིང་ཕོར། ལག་གདུབ་སོགས་ནེ་པ་ལ་དང་འབྲུག་ཡུལ་གྱི་ཚོང་ཟོག་སྣ་ཚོགས་ཁོང་ཚོའི་མིག་གི་ལོངས་སྤྱོད་དུ་གྱུར་ནས་ཉོ་ཐེངས་གཅིག་ལ་སྒོར་ཆིག་སྟོང་ལྷག་ཙམ་གྱི་ཅ་ལག་ཉོས།

    བོད་ལྗོངས་ལྷ་སར་བོད་ཀྱི་ལོ་གསར་གྱི་མཁོ་ཆས་ནང་འདྲེན་ཚོང་འདུས་གཉེར་བ་ནས་བཟུང་། ནེ་པ་ལ་དང་འབྲུག་ཡུལ་གྱི་ཚོང་པ་80ལྷག་ཙམ་གྱིས་འཁྱེར་ཡོང་བའི་ཁ་གདན་དང་། ཤིང་ཕོར། ཟངས་ཆས་སོགས་ཚོང་ཟོག་སྣ་ཚོགས་ལ་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད།

    བོད་ལྗོངས་ལྷ་ས་གྲོང་ཁྱེར་དགའ་སྐྱིད་གླིང་ཐང་ཆེན་གྱི་ཐོག་སོ་དང་པོར་ཉིན་ལྟར་ནང་འདྲེན་གྱི་ལོ་གསར་མཁོ་ཆས་ཉོ་མཁན་རྒྱུན་ཆད་རྒྱུ་མེད། གཙོ་གཉེར་ཕྱོགས་བོད་ལྗོངས་ཁ་ཁེ་ལ་ཚོང་དོན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བསོད་ནམས་འཇམ་དཔལ་གྱིས། ལོ་གསར་གྱི་མཁོ་ཆས་དུས་ཆེན་འགོ་ཚུགས་པ་ནས་བཟུང་ཉིན་རེར་ཆ་སྙོམས་འཛད་སྤྱོད་པ་ཞུགས་ཚད་མི་ཐེངས་ཁྲི་3ལས་བརྒལ་བ་དང་། གཟའ་མཇུག་ཏུ་འགྲུལ་པ་མང་ཤོས་ལ་མི་ཐེངས་ཁྲི་4.5ཟིན་གྱི་ཡོད། དུས་ཐུང་ཉིན་བཅུ་ཙམ་ལ་བྲིན་ཚོང་དངུལ་འབོར་སྒོར་ཁྲི་2800ལྷག་ཙམ་ཟིན་སོང་ཞེས་བརྗོད།

    བོད་ལྗོངས་ལྷ་སར་ནང་འདྲེན་གྱི་ལོ་གསར་མཁོ་ཆས་ལ་དགའ་བསུ་འདི་ལྟ་བུ་ཐོབ་དོན་གང་ཡིན་ནམ། དགའ་སྐྱིད་གླིང་ཐང་ཆེན་གྱི་ཉེ་འགྲམ་དུ་སྡོད་མཁན་ཚེ་རིང་དཔལ་ལྡན་གྱིས་སྣ་ཁ་འཛོམས་པ་དང་། བཟོ་ལྟ་དཔེ་གསར། སྤུས་ཚད་ལེགས་པ་བཅས་ཀྱི་ཁར་རིན་གོང་ཡང་ཁེ་པོ་ཡོད་པས་རེད་ཅེས་བརྗོད།

    “བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པས་ཁྱིམ་དུ་ཁ་གདན་གསར་པ་ཞིག་བརྗེ་རྩིས་ཡོད” སྒོར་ཁྲི་1.5བཏང་ནས་བློ་ལ་བབ་པའི་ཟངས་ཆས་དང་ཁ་གདན་ཆ་གཅིག་ཉོས་རྗེས་ཚེ་རིང་དཔལ་ལྡན་གྱིས་སྔར་བཞིན་ཉིན་ལྟར་ལོ་གསར་གྱི་མཁོ་ཆས་ཁྲོམ་རར་བསྐྱོད་ནས་ཚོང་ཟོག་གསར་པ་གང་ཡོད་མེད་ལྟ་གི་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། 2023ལོ་ནས་བཟུང་། བོད་ཀྱིས་ནང་འདྲེན་ཚོང་ཟོག་ཚོང་འདུས་ཐེངས་གསུམ་གཉེར་བ་རེད། འོན་ཀྱང་ད་ཐེངས་ནང་འདྲེན་གྱི་ལོ་གསར་མཁོ་ཆས་ཚོང་འདུས་ལ་ཞུགས་པའི་ཚོང་ཟོག་སྣ་ཁ་དང་། ཚོང་པའི་གྲངས་འབོར། ཚོང་འགྲིག་ཚད་སོགས་ཚང་མ་དེ་གོང་གི་ཐེངས་གཉིས་ཀྱི་བསྡོམས་གྲངས་ལས་བརྒལ་ཡོད་པ་རེད། “དེ་དག་ཚང་མ་བོད་ཀྱི་འཛད་སྤྱོད་ཁྲོམ་ར་སླར་གསོ་ལས་བྱུང་བ་ཞིག་རེད། མཐའ་འཁོར་རྒྱལ་ཁབ་དང་ས་ཁུལ་གྱིས་བོད་ཀྱི་ཁྲོམ་ར་ཆེ་མོར་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད། འགྲེམས་ཞུགས་ཀྱི་ཧུར་སེམས་ཧ་ཅང་ཆེན་པོ་ཡོད་པ་དང་འགྲེམས་ཞུགས་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད” བསོད་ནམས་འཇམ་དཔལ་གྱིས། ད་ཐེངས་ཀྱི་ལོ་གསར་མཁོ་ཆས་དུས་ཆེན་རིང་ཚོང་པ་མང་ཆེ་བ་བོད་དུ་ཚོང་འདུས་ལ་ཞུགས་མྱོང་བའམ་ཡང་ན་བོད་དང་ཚོང་དོན་འགྲོ་འོང་བྱེད་མྱོང་ཡོད་པས། ཁོང་ཚོས་ལྷ་སར་ཚོང་ཟོག་གང་ཞིག་བྲིན་ཁ་རྒྱུག་མིན་གསལ་པོར་ཤེས་ཀྱི་ཡོད་ཅེས་བརྗོད།

    “ལོ་གསར་གྱི་མཁོ་ཆས་དུས་ཆེན་རིང་ཚོང་ཡག་པོ་འདུག ཉིན་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ཡན་ཟིན་གྱི་འདུག”ཅེས་ལོ་གསར་གྱི་མཁོ་ཆས་དུས་ཆེན་ལ་ཐང་ག་འཚོང་མཁན་ནེ་པ་ལའི་ཚོང་པ་Balgopal Shresthaཡིས་བརྗོད་པ་དང་། ཁོང་གིས་ད་ཐེངས་ངས་ཚོང་ཤག་གསར་པ་མི་ཉུང་བ་ཞིག་ངོ་ཤེས་བྱུང་། སླད་ཕྱིན་ཚང་མས་དྲ་བའི་ཐོག་པར་བསྐུར་ནས་ཉོ་ཚོང་བྱེད་ཆོག་ཅེས་བརྗོད།

    གྱོན་གོས་འདེམས་བཞིན་པའི་ལྷ་སའི་གྲོང་མི་སྐལ་བཟང་ལྷ་མོས“ལོ་གསར་གྱི་མཁོ་ཆས་དུས་ཆེན་ནས་ཉོས་པའི་གྱོན་ཆས་བཟོ་ལྟ་གསར་ལ་རྒྱུ་ཆ་ཡག་པོ་འདུག་པས་བློ་ལ་བབས་སོང་། ལོ་གསར་འཆར་གྲབས་ཡོད་པས་ཁ་ཤས་ཉོ་གི་ཡིན”ད་ཆ་འཚོ་བ་ཇེ་ལེགས་སུ་ཕྱིན་པ་དང་སྦྲགས་ཚོང་ཟོག་དེ་དག་གི་རིན་གོང་ཁེ་པོ་ཡོད་པས་ཚང་མས་གྱོན་ཆས་མང་པོ་ཉོ་འདོད་བྱེད་ཀྱི་འདུག་ཅེས་བརྗོད།

    གྲངས་གཞི་ལས་མངོན་པར། 2023ལོར་བོད་ཀྱི་གྲོང་མི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.9ཙམ་ཟིན་ནས་ལོ་གོང་མ་ལས་8.7%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཡོང་འབབ་འཕར་བ་དང་ཚོང་འདུས་དང་ལོ་གསར་གྱི་མཁོ་ཆས་སོགས་བྲིན་ཚོང་བྱེད་སྒོ་སྣ་ཚོགས་སྤེལ་བ་ལས་བོད་ཀྱི་འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་སླར་གསོ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། 2023ལོར་བོད་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་880ཙམ་ཟིན་ནས་ལོ་གོང་མ་ལས་21.1%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།