མཚོ་སྔོན་ཞིང་ཆེན་གྱིས།
ཞིང་ཨུད་ཀྱི་གྲོང་གསེབ་དང་འབྲོག་ཁུལ་གྱི་ལས་དོན་ཚོགས་འདུ་འཚོགས་པ།
ཟླ་2ཚེས་5ཉིན་མཚོ་སྔོན་ཞིང་ཨུད་ཀྱི་གྲོང་གསེབ་དང་འབྲོག་ཁུལ་གྱི་ལས་དོན་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད།
ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཀང་ཚང་འཛོམས་ཚོགས་འདུ་ཐེངས་དང་པོར་ཞུགས་ནས་གསུང་བཤད་གནང་བ་དང་། ཁོང་གིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་པར་ཞན་ཆ་ཆེ་ཤོས་དེ་གྲོང་གསེབ་ཏུ་གནས་པ་དང་རྨང་གཞི་ཟབ་ཤོས་ཀྱང་གྲོང་གསེབ་ཏུ་ཡོད། དེས་ན“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་དགོས་གཏུག་གི་སེམས་པ་ཆེ་རུ་ཏན་ཏིག་བཏང་སྟེ། མཚོ་སྔོན་གྱི་ཞིང་ཆེན་གྱི་གནས་ཚུལ་དང་གྲོང་གསེབ་ཀྱི་གནས་ཚུལ་ལ་བསམ་གཞིག་གཏིང་ཟབ་བྱས་ནས་ལོ་རྒྱུས་ཀྱི་ལྟ་བ་དང་མ་ལག་གི་ལྟ་བ་སྤྱད་དེ“ཞིང་གསུམ”གྱི་གནད་དོན་ལ་ལྟ་སྟངས་འཛིན་པ་དང་། “ཞིང་གསུམ”གྱི་མཐོང་རྒྱ་རྐྱང་པ་ལས་གྲོལ་ཏེ“ཞིང་གསུམ”ལ་ལྟ་བ། རང་རེའི་ཞིང་ཆེན་གྱི“ཞིང་གསུམ”ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་། ཕན་ཡོད་ཆ་རྐྱེན། དཀའ་ངལ་དང་འགྲན་སློང་། གཙོ་གནད་ལས་འགན་བཅས་ལ་ངོས་འཛིན་གང་ལེགས་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ངང་གྲོང་གསེབ་དང་འབྲོག་ཁུལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་འཁུར་སེམས་ཡོད་པ་དང་། འཇོན་ཐང་ཡོད་པ། མཚན་སྙན་ལྡན་པ། ལེགས་སྐྱེས་འབུལ་མཁན་བཅས་ཀྱི་མི་སྣ་གྲོང་གསེབ་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་ཏེ། གནད་སྨིན་གྲལ་བཤེར་དང་གནད་སྨིན་ཇུས་བསྟར་བྱས་ཏེ། ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་དག་ཐེར་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། མི་སེམས་གཅིག་ཏུ་སྒྲིལ་བ། ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་གལ་ཆེན་ཡག་པོ་འདོན་པར་སྐུལ་འདེད་གཏོང་དགོས། འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱས་ནས་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་རང་འགུལ་ངང་འཁུར་བ་དང་། རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་ནན་པོ་སྲུང་བ། ཆེད་ལས་ཞིང་པ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ། ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་འཕེལ་རྒྱས་གཏོང་བ། འབྲུ་རིགས་འདེབས་མཁན་ཞིང་པའི་ཡོང་འབབ་འགན་སྲུང་གི“སྣ་འདུས་ཐབས་བཟང”ཡག་པོ་སྤྱོད་པ་བཅས་བྱེད་དགོས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་ནས་ཚན་ཞིབ་ཁང་དང་སུའོ་དང་དྲ་ཐོག་ཚོང་དོན་ལས་སྟེགས་སོགས་དང་མཉམ་དུ་བརྟག་ཞིབ་མཛུབ་ཁྲིད་བྱེད་པ་དང་། གྲོང་ཚོ་ཕན་ཚུན་མཉམ་ལས་དང་གྲོང་ཚོ་དང་ཁེ་ལས་མཉམ་ལས་ལ་སྐུལ་འདེད་གཏོང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཐོན་ལས་བཀོད་པ་ལེགས་སུ་གཏོང་བ། ལེགས་ཆ་གསབ་རེས་དང་། ཐོན་ཁུངས་མཉམ་སྤྱོད། ཕན་འབྲས་བརྩེགས་སྣོན་བཅས་ཀྱི་ཐོན་ལས་རྣམ་གྲངས་གཏོད་པ་བཅས་བྱེད་དགོས། “འཆར་འགོད”ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། གྲོང་གསེབ་འཕེལ་རྒྱས་ཀྱི་དུས་མཚམས་དང“གྲོང་ཚོ་རེར་ཐབས་ཇུས་རེའི”ཐོན་ཁུངས་ཀྱི་ལེགས་ཆ་ཡོད་པར་བྱེད་པའི་འཆར་འགོད་ལ་གཞི་ཚུགས་པ། “འཆར་མང་གཅིག་སྒྲིལ”ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་ཚོ་ཁག་གིས་རང་ཉིད་ལ་འཚམ་ཤོས་ཀྱི་ཐོན་ལས་བཀོད་པ་འཚོལ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།