དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྤུས་ཚད་མཐོ་པོར་དམིགས། འབད་འབུངས་མདུན་སྐྱོད་བྱེད།

    —— 2023ལོའི་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-08

    2023ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ། དམངས་འཚོ་འགན་ལེན་སོགས་ཀྱི་གཙོ་གནད་ལས་དོན་མངོན་གསལ་དོད་པོས་ཡག་པོ་བསྒྲུབས་པས། དཔལ་འབྱོར་འཕེལ་རྒྱས་བཟང་པོ་བྱུང་ནས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཡོད།

    གྲངས་གཞི་ལས་མངོན་པར། 2023ལོར་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་ཕྱོགས་བཟང་བ་དང་སྔོན་དཔག་བྱས་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་830ལས་བརྒལ་བ་དང་། རིམ་རྩིས་བྱས་ན་ཁྲལ་སློག་དང་ཁྲལ་རིན་གཉིས་གཅོག་དངུལ་སྒོར་དུང་ཕྱུར་34.7དོན་འཁྱོལ་བྱས་པ། གཉེར་སྐྱོང་བྱེད་པོ་ཁྲི་2ཡན་གསར་འཕར་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁག་སོ་སོར་སྒོར་54686དང་སྒོར་25031ཟིན་ནས་དུས་མཚུངས་ལས་ཁག་སོ་སོར་6.5%དང་10%འཕར་བ་དང་། སྔོན་དཔག་བྱས་ན་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་429ཟིན་པ་དེ་དུས་མཚུངས་ལས་21.6%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་13.5%འཕར་ཡོད་པ་རེད།

    རྨང་གཞིའི་སྒྲིག་བཀོད་དེ་བས་འཐུས་སྒོ་ཚང་དུ་སོང་ནས་དཔལ་འབྱོར་འཕེལ་རྒྱས་ལ་འགན་ལེན་ཐུབ་པ།

    ད་ཕན་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་རྨང་གཞིའི་སྒྲིག་བཀོད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་བརྩིས་ནས། གཙོ་བོ་དང་གལ་ཆེར་དམ་འཛིན་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གནད་སྨིན་ངང་དོན་གཉེར་དང་སྐུལ་འདེད་བཏང་བ་རེད།

    ན་ནིང་ཟླ་9པར་ལྷ་ས་གྲོང་ཁྱེར་བྱང་སྐོར་ལམ་དང་དགུང་སྔོན་ལམ་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་ལ་འབྲེལ་ཡོད་སྡེ་ཚན་གྱིས་ཐོག་མའི་ཞིབ་བཤེར་རྩིས་ལེན་བྱས་པ་དང་འབྲེལ་རླངས་འཁོར་རིམ་བཞིན་ཤར་གཏོང་ཐུབ་ཡོད། རྣམ་གྲངས་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་གཞུང་ལམ་དྲ་བ་གཙོ་བོ་འཐུས་སྒོ་ཚང་དུ་གཏོང་བ། ལྟེ་བའི་གྲོང་ཁུལ་གྱི་འགྲིམ་འགྲུལ་འགག་ཚུལ་ཞི་ལྷོད་དུ་གཏོང་བ། གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།

    “བྱང་སྐོར་ལམ་དང་དགུང་སྔོན་ལམ་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་ཀྱིས་དན་བག་སྡེ་ཁུལ་ཉེ་འཁོར་གྱི་འགྲོ་ལམ་འགག་པའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ནས་རླངས་འཁོར་ཤར་གཏོང་ཐུབ་ཚད་ཆེ་རུ་ཕྱིན་ཡོད། ཟམ་ཆེན་འོག་ཏུ་ད་དུང་མིའི་བགྲོད་ལམ་བསྐྲུན་པས་ལམ་བུ་སྒྲོལ་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ཡོད”ཅེས་ཁྲེང་ཀོན་ཆུས་དན་བག་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས།

    གཞན་ཡང་། སྣེའུ་ཁུལ་གསར་ས་འོག་མདོང་དྲ་དང་། གྲོང་ཁྱེར་ཁྱིམ་ཆས། ལྷ་སའི་འབར་རླངས་མདོང་ལམ་གསར་བརྗེ། ཁུལ་ཆུང་རྙིང་པ་དང་སྡོད་ཁང་སྐྱོ་ཁུལ་15བཅས་སྒྱུར་བཀོད་རྣམ་གྲངས་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ་དང་། གནའ་གྲོང་སྲུང་སྐྱོབ་ལས་གྲྭའི་ཁྲོད་ཚོད་ལྟའི་སྒོ་ར་བཞི་ཡི་སྒྱུར་བཀོད་ལག་བསྟར་བརྟན་པོ་བྱས་ཡོད། གྲོང་ཁྱེར་གྱི་གློག་གསོག་སྒྲིག་ཆས་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ་དང་། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལམ་ཐིག་48ལ་ཁྱབ་པ། གྲོང་ཁྱེར་གྱི་གསར་བརྗེས་ལས་གྲྭར་རྣམ་པ་གསར་པ་བཏོད་པ། ལྷ་སའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།

    “ལས་རྣམ་གསར་པ”སྐྱེད་སྲིང་དང་འཕེལ་རྒྱས་བཏང་བས་དཔལ་འབྱོར་འཕར་བའི་སྒུལ་ཤུགས་འདང་ངེས་ཡོད་པ།

    2023ལོར་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་429ཟིན་པ་དེ་དུས་མཚུངས་ལས་21.6%འཕར་བ་དང་བསྡོམས་འབོར་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ནས། ཉེ་བའི་ལོ་བཅུའི་རིང་གི་ཆུ་ཚད་མཐོ་ཤོས་སུ་སླེབས་པ་དང་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ། འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད་པ་རེད།

    གྲུབ་འབྲས་དེ་དག་ལྷ་སས་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་བཏོན་པ་དང་འཛད་སྤྱོད་སླར་གསོ་མགྱོགས་མྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་ཁ་འབྲལ་ཐབས་མེད།

    2023ལོར་ལྷ་སས་རྣམ་པ་གསར་གཏོད་དང་ལས་རྣམ་གསར་པ་བཏོད་པ་དང་། མཚན་མོའི་དཔལ་འབྱོར་གྱི་སྤུས་རྟགས་བཏོད་པ། མཚན་མོའི་འཛད་སྤྱོད་བྱ་ཡུལ་བཏོད་པ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་བ། བཟའ་སྡོད་སྐྱོད་གསུམ་དང་རོལ་རྩེད་དང་ཉོ་སྒྲུབ་བཅས་གཞི་གཅིག་ཅན་གྱི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་བཏང་བ་བཅས་དང་། ཁྲེང་ཀོན་དབན་ཏ་དང་། བོད་སྐོར་དཀྱིལ་འཁོར། ཀུན་བདེ་གླིང་ཁྲོམ་གཞུང་བཅས་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་3ཁག་དང་པོའི་མཚན་མོའི་དཔལ་འབྱོར་དཔེ་སྟོན་ཁུལ་དུ་དཔྱད་འབེབས་བྱས་པ། སྟོད་ལུང་གི་ཧྲང་ཀུའུ་དང་རིག་གནས་བསམ་བཀོད་ཁྲོམ་ར་སོགས་སྲོལ་རྒྱུན་གྱི་མཚན་ཁྲོམ་9རིམ་སྤོར་ལ་རྒྱབ་སྐྱོར་བྱས་པ། ལྷ་ས་གྲོང་ཁྱེར་དེ་ཉིད་2023ལོ་འཁོར་གྱི་ཀྲུང་གོའི་མཚན་མོའི་དཔལ་འབྱོར་དར་རྒྱས་ཀྱི་TOPགྲོང་ཁྱེར་100ཡི་ནང་འདེམས་པར་རམ་འདེགས་བྱས་ཡོད་པ་རེད།

    “གོམ་སྟབས་རྗེས་མར་ང་ཚོས་མཚན་མོའི་དཔལ་འབྱོར་དང་། ཐོག་མའི་ཚོང་ཁང་གི་དཔལ་འབྱོར། ལྷ་སའི་རྙིང་ཁུངས་མིང་ཅན་སོགས་ཀྱི་ལས་དོན་ལ་བརྟེན་ནས། གྲོང་ཁྱེར་ཡོངས་ཀྱི་འཛད་སྤྱོད་མཁོ་སྤྲོད་ལེགས་སུ་གཏོང་བ་དང་། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མཁོ་འཚོང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་འཛད་སྤྱོད་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་བཅས་བྱ་རྒྱུ་ཡིན། དངོས་སྒྲུབ་ཀྱི་བྱེད་ཐབས་དེ་བས་མང་བ་སྤྱད་དེ་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་བསྡོམས་འབོར་འཕར་བའི་ཐད‘རང་འགུལ་དམག་འཐབ’ཡག་པོ་བརྒྱབ་ནས། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཅང་ཞིས་ཀྱིས་བཤད།

    ས་ཁོངས་མཐུན་སྦྱོར་དང་ཐུན་མོང་འཕེལ་རྒྱས་བཏང་བས་བདེ་སྐྱིད་མུ་མཐུད་ཆེ་རུ་ཕྱིན་པ།

    ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཏུ་བརྩིས་ནས་མཉམ་དུ་སྐུལ་འདེད་བཏང་བ་རེད།

    2023ལོ་ནས་བཟུང་། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལྷ་ས་གྲོང་ཁྱེར་གྱིས་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་སྟེ། མལ་གྲོ་གུང་དཀར་རྫོང་གིས“ལྗང་མདོག་གཏེར་རི”འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་དང་། ལྷུན་གྲུབ་རྫོང་གིས་ཞིང་འབྲོག་ལས་ལ་བརྟེན་ནས་དཀར་ཆུའི་འདུ་འགྲེམས་ས་ཚིགས་ཀྱི་རྣམ་གྲངས་བསྐྲུན་པ། འདམ་གཞུང་རྫོང་གིས་དེང་རབས་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཐན་ཞོན་འབྲོག་རའི་ཐོན་ལས་གླིང་དང་ལྷད་མེད་འདམ་གཞུང་གི་གྲང་ཕྲེང་ཟོག་འགྲེམས་མཁོ་སྤྲོད་རྟེན་གཞི་བསྐྲུན་པ། སྙེ་མོ་རྫོང་གིས་དེང་རབས་ཞིང་ལས“3212”འདུ་འགོད་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ། སྣེའུ་ཁུལ་གསར་གྱིས་གྲངས་འཛིན་དང་མཐོ་གསར་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་ལྗོངས་ནང་ཁུལ་གྱི་ཚན་རིག་ལག་རྩལ་མཐུན་ཚོགས་ཐོག་མ་བཙུགས་པ། དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ཕྱོགས་ཡོངས་ནས་གཉེར་སྐྱོང་དང་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་དངུལ་སྒོར་དུང་ཕྱུར་8.04ཟིན་པ། རིག་གནས་བསམ་བཀོད་གླིང་ལ“རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་ཁུལ”གྱི་མིང་བཏགས་ཡོད།

    དེ་དང་དུས་མཚུངས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྔར་བས་སྐུལ་འདེད་གཏོང་ཆེད། 2023ལོར་ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་རྒྱུན་ཆད་མེད་པར་བྱེད་ཟབ་ཏུ་བཏང་ནས་ས་ཞིང་གཉེར་སྐྱོང་དབང་ཆ་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་བརྒྱུད་བཤུག་གཏོང་བར་ཁྲིད་སྟོན་གྱིས་ས་ཞིང་གཉེར་སྐྱོང་དབང་ཆ་མུའུ་ཁྲི་6.8བརྒྱུད་བཤུག་བཏང་ཡོད། “འཆར་མང་གཅིག་སྒྲིལ”གྱི་ཉེར་སྤྱོད་རང་བཞིན་གྱི་གྲོང་ཚོ་137འཆར་འགོད་ལེགས་སྒྲུབ་བྱུང་བ་དང་། “མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་5.95གསར་སྐྲུན་དང་སྒྱུར་བཀོད་རིམ་སྤོར་གྱི་ལས་འགན་མགྱོགས་མྱུར་སྒྲུབ་ཡོད། ཞིང་འབྲོག་ཐོན་རྫས་ཀྱི་ལས་སྣོན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། ཁྱིམ་ཚང་གི་ཞིང(འབྲོག)ར་57དང་། 118 107སོ་སོར་ཟིན་ཡོད།

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྷ་སས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ཡང་དག་བྱས་ཏེ། དེ་བས་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།