དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་2024ལོའི་ལོ་གསར་གྱི་སྣེ་ལེན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-06

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱིས་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་ཕྱི་འབྲེལ་པུའི་2024ལོའི་ལོ་གསར་གྱི་སྣེ་ལེན་ཚོགས་འདུ་འཚོགས་ཤིང་། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་དང་ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མིའི་སྟངས་དཔྱལ་དང་ཀྲུང་གོ་ཕྱོགས་ཀྱི་སྡེ་ཚན་ཁག་གི་འཐུས་མི་400ལྷག་ཙམ་ཞུགས་ཡོད་པ་རེད།

    ཝང་དབྱིས་ཤིས་ཚིག་བསྒྲོན་སྐབས་བསྟན་དོན། ལོ་གཅིག་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོས་ཕྱི་འབྲེལ་ཐད་དཀའ་ངལ་ལ་མ་འཛེམས་པར་མདུན་སྐྱོད་དང་རང་འགན་ཐེག་པ་འཁུར་ལེན་བྱས་ཡོད། ང་ཚོས་སྐད་ཆ་ཤོད་རེས་དང་མཉམ་ལས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཆེན་པོའི་དགེ་མཚན་ལྡན་པའི་མཉམ་འགུལ་གྱི་སྲོག་ཤིང་གི་ཀ་རྟེན་ལྟ་བུ་བྱེད་རྒྱུ་དང་། མཛའ་མཐུན་དང་། ལྷག་བསམ། ཕན་སྦྱར། བསྟུན་མཁས་བཅས་ལག་ལེན་བསྟར་ནས་ཨེ་ཤེ་ཡའི་ཁྱིམ་གཞིས་མཉམ་དུ་སྐྲུན་པའི་བློས་འགེལ་ཆོག་པའི་རོགས་ཟླ་ཞིག་བྱེད་རྒྱུ། ལག་གདང་དཔུང་འབྲེལ་གྱིས་མཉམ་དུ་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་བློ་བརྟན་འགྱུར་མེད་ཀྱི་ཁོངས་མི་ཞིག་བྱེད་རྒྱུ། བར་འདུམ་དང་གྲོས་མོལ་མཐའ་འཁྱོངས་ཀྱིས་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་འགག་རྩའི་སྟོབས་ཤུགས་ཤིག་བྱེད་རྒྱུ། སྒོ་དབྱེ་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་སླར་གསོར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་བྱེད་རྒྱུ་བཅས་ཡིན། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་མཉམ་དུ་ཕན་ཚུན་རོགས་རམ་དང་། དཔུང་པ་མཉམ་གཤིབ་ཀྱིས་མདུན་དུ་སྐྱོད་པ། རྒྱལ་སྒོ་ཕྱེ་ནས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ། ལག་གཉིས་བརྐྱངས་ནས་གོ་ལ་ཧྲིལ་པོའི་གྲོགས་པོར་བསུ་བ་ཞུ་བ་བཅས་བྱས་ཏེ་འཛམ་གླིང་ལ་རྩ་ཆེའི་བརྟན་ལྷིང་རང་བཞིན་དང་དྲང་ནུས་ཟམ་མི་ཆད་པར་བསྣན་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་གྱི་ཡིན་ཞེས་བརྗོད།

    ཝང་དབྱིས་བརྗོད་དོན། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུ་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོས་ཕྱི་འབྲེལ་དོན་གཉེར་བྱེད་པའི་བླ་ན་མེད་པའི་དམིགས་ཚད་དུ་བརྩིས་ནས་རྒྱལ་ཁབ་ཁག་དང་མཉམ་དུ་དུས་བདེ་དང་བདེ་འཇགས་ཀྱི་རྨང་གཞི་མཉམ་དུ་གཏོད་པ་དང་། མཛའ་གྲོགས་མཉམ་ལས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཕྱོགས་མང་རིང་ལུགས་ཀྱི་འགྲོ་ལམ་ཆེན་པོར་མཉམ་དུ་སྐྱོད་པ་བཅས་བྱས་ནས་དར་རྒྱས་གོང་འཕེལ་གྱི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད།

    ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོར་བཅའ་སྡོད་ཁ་མེ་རོང་གི་གཞུང་ཚབ་ཆེ་མོ་བ་མཱ་ཏིང·མུའུ་པ་ནཱ་ཡིས་གཞུང་ཚབ་ཚོགས་པའི་ཚབ་ཞུས་ནས་ཀྲུང་གོ་མི་དམངས་ལ་དཔྱིད་གསར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་ཤིང་། ཁོང་གིས། ན་ནིང་ཀྲུང་གོས་ཕྱི་འབྲེལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བས་རྒྱལ་ཁབ་ཁག་ཕན་ཚུན་བསམ་ཤེས་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་མ་ཐེབས་ནས་གོ་ལ་ཧྲིལ་པོའི་ཁྲོད་ཀྱི་ཀྲུང་གོའི་གལ་ཆེའི་རང་བཞིན་ཉིན་རེ་ལས་མ་འདས་པར་ཆེ་རུ་ཕྱིན་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ཁྲིད་སྟོན་དུ་བྱས་ཏེ་མཉམ་དུ་འབད་བརྩོན་བྱས་ནས་འཛམ་གླིང་དེ་བས་བདེ་འཇགས་དང་། དེ་བས་ཞི་བདེ། དེ་བས་དར་རྒྱས་བཅས་ཡོང་བར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།