དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནང་འདྲེན་འགྲེམས་ཚོགས་སྐབས་བདུན་པའི་འོས་སྦྱོར་ཚོགས་འདུ་ཤིས་ཉི་རུ་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-06

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཤིས་ཉི་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་བདུན་པའི་འོས་སྦྱོར་ཚོགས་འདུ་ཉེ་ཆར་ཨོ་སི་ཁྲུ་ལི་ཡའི་ཤིས་ཉི་རུ་འཚོགས་པ་དང་། ཤིས་ཉིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ལས་ཚབ་སྤྱི་ཁྱབ་ཁེ་སྐྱོང་བ་ཝང་ཁྲུན་ཧྲེང་དང་། རྒྱལ་ཁབ་ཚོགས་འགྲེམས་ལྟེ་གནས(ཧྲང་ཧའེ)ཚད་ཡོད་འགན་འཁྲི་ཀུང་སིའི་ཙུང་ཚའེ་ཉིང་ཧྥེང་། ཨོ་སི་ཁྲུ་ལི་ཡའི་ཤིན་ནན་ཝེར་ཧྲི་ཀྲོའུ་མ་འཇོག་ཅུས་ཚོང་དོན་སྡེ་ཚན་གྱི་འགན་འཁུར་བ་ཁཱ་ལ·ལན་ཕུའུ་སོགས་ཀྲུང་ཨོའི་སྲིད་ཚོང་ལས་རིགས་ཀྱི་མི་200ཙམ་ཞུགས་ཡོད།

    ཝང་ཁྲུན་ཧྲེང་གིས། ཀྲུང་ཨོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་ཐོབ་ཡོད། ནང་འདྲེན་འགྲེམས་ཚོགས་ནི་ཀྲུང་གོས་རང་འགུལ་ངང་འཛམ་གླིང་ལ་ཁྲོམ་རའི་སྒོ་མོ་འབྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། ཀྲུང་གོས་དཔལ་འབྱོར་གོ་ལ་ཅན་ལ་རྒྱབ་སྐྱོར་བྱེད་པའི་དངོས་གཉེར་བྱ་སྤྱོད་གལ་ཆེན་ཞིག་ཀྱང་ཡིན། དེ་ལས་ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མངོན་ཡོད། ཨོ་སི་ཁྲུ་ལི་ཡའི་རིམ་ཁག་སྲིད་གཞུང་དང་ཁེ་ལས་ཀྱིས་ནང་འདྲེན་འགྲེམས་ཚོགས་ནང་ཧུར་ཐག་ཞུགས་ནས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་པ་མཉམ་སྤྱོད་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    ཉིང་ཧྥུང་གིས་ཤིས་ཚིག་བསྒྲོན་སྐབས། ནང་འདྲེན་འགྲེམས་ཚོགས་སྐབས་བདུན་པའི་གྲ་སྒྲིག་ལས་དོན་མགྱོགས་མྱུར་སྤེལ་བཞིན་ཡོད་པ་དང་གན་འཇོག་འགྲེམས་སྟོན་གྱི་གཞི་ཁྱོན་སྨི་ངོས་གྲུ་ཁྲི་18ལས་བརྒལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་ལས་རིགས་ཁག་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཨོ་སི་ཁྲུ་ལི་ཡའི་ཁེ་ལས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་ཞུགས་རྒྱུར་རོགས་རམ་བྱས་ནས་གྲུབ་འབྲས་དེ་བས་མང་བ་ཐོབ་འདོད་ཡོད་ཅེས་བརྗོད།

    ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་གི་ཚོགས་ཞུགས་འཐུས་མི་དང་། ཁེ་ལས་མཁས་ཅན། ཚོང་དོན་མཐུན་ཚོགས་ཀྱི་འགན་འཁུར་བ་བཅས་ཀྱིས་ནང་འདྲེན་འགྲེམས་ཚོགས་ནི་ཨོ་ཀྲུང་དབར་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་གཏོང་བའི་སྐར་ཁུང་གལ་ཆེན་ཞིག་ཡིན་པ་དང་། འབྲེལ་ཡོད་ལས་རིགས་སྒྲིག་གཞི་དང་ཚོང་དོན་མཐུན་ཚོགས་ཀྱིས་ཁེ་ལས་སྒྲིག་འཛུགས་བྱས་ནས་ནང་འདྲེན་འགྲེམས་ཚོགས་ནང་ཞུགས་ཚེ། ཀྲུང་གོའི་ཁྲོམ་རར་ཞུགས་པའི་གོ་སྐབས་དེ་བས་ལེགས་པ་སྟངས་འཛིན་བྱེད་ཐུབ་ཅེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་ཅིང་། ཁོང་ཚོས་ཀྲུང་གོའི་ཁེ་ལས་དང་ཚོང་ལས་མཉམ་ལས་དེ་བས་མང་བ་བྱས་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།