དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཁུ་ཁུ་ཤིས་རིར་སྲུང་སྐྱོང་ཆེད། རྩ་ཆེའི་ལང་ཚོ་སྐྱེས་སུ་ཕུལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།   ཆའོ་ཏུང་དང་ཅཱ་ཧྥེང་ཧྥེང་།   |     སྤེལ་དུས།  2024-02-06

    ལུགས་རྙིང་གི་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་སྟེ་བྱང་ཕྱོགས་ཀྱི་ལོ་ཆུང་ཉིན་མོར། མཚོ་སྔོན་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གངས་བབས་ནས་ས་གཞི་ཡོངས་རབ་དཀར་ཁ་བས་བཀླུབས།

    གསར་འགོད་པ་ཞོགས་པའི་ཆུ་ཚོད་དྲུག་པ་ནས་རྡོག་ཐོན་བྱས་ཏེ་ཁུ་ཁུ་ཤིས་རིའི“ཤར་སྒོ་ཆེ་མོར”ཡོད་པའི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་སུ་ཆས། ཁ་བའི་ཟེགས་མ་གང་སར་འཕྱོ་བའི་ས་མཐོའི་གངས་རླུང་ཇི་ལྟར་ལྡང་ཡང་། རི་སྐོར་རུ་མི་ཚེ་དབང་རྡོ་རྗེ་དང་ཁོང་གི་ལས་གྲོགས་ཚོ་སྔ་ས་ནས་དེ་ལྟ་བུའི་གནམ་གཤིས་ལ་གོམས་ཟིན།

    “དེ་རིང་ང་ཚོའི་ལས་འགན་གཙོ་བོ་ནི་ས་ཚིགས་ནས་ཆུ་དམར་ཟམ་ཆེན་བར་སྐོར་སྲུང་བྱ་རྒྱུ་དེ་ཡིན” “གངས་ཆེན་པོ་བབས་པས་རི་སྐྱེས་སྲོག་ཆགས་ལ་ལྟོ་རག་ཁག་པོ་རེད། ཉིན་འདི་དག་རིང་། རི་སྐྱེས་སྲོག་ཆགས་སྐྱོབ་རྒྱུ་ནི་ང་ཚོའི་སྐོར་སྲུང་ལས་ཀའི་གཙོ་གནད་ཡིན”ཞེས་ཚེ་དབང་རྡོ་རྗེས་བཤད།

    འདི་ནི“གདོད་མའི”རི་སྐོར་ལམ་ཐིག་ཅིག་རེད། གསར་འགོད་པ་ས་ཚིགས་དེའི་སྐོར་སྲུང་རླངས་འཁོར་ནང་བསྡད་དེ་མུ་མཐའ་མེད་པའི་རྩྭ་ཐང་དུ་བསྐྱོད། “གང་ཐུབ་ཅི་ཐུབ་ཀྱིས་ཁུ་ཁུ་ཤིས་རིའི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་མི་ཕོག་པར་བྱ་ཆེད་ང་ཚོས་རྟག་པར་ལམ་ཐིག་གཅིག་བརྒྱུད་དེ་སྐོར་ཞིབ་བྱེད་ཀྱི་ཡོད་པས། ལམ་ཐིག་འདི་ང་ཚོར་རྒྱུས་མངའ་ཟབ་མོ་ཡོད”ཅེས་ཚེ་དབང་རྡོ་རྗེས་ངོ་སྤྲོད་བྱེད་ཞོར་དུ་སྒེའུ་ཁུང་ཕྱི་རོལ་དུ་ཅེར་ནས“ཁྲིམས་ལས་འགལ་ཏེ་སྲུང་སྐྱོང་ཁུལ་དུ་འཛུལ་ཡོད་མེད་ལ་ཞིབ་བཤེར་བྱེད་པ་དང་། རི་སྐྱེས་སྲོག་ཆགས་སྐྱོབ་པ། གད་སྙིགས་སྒྲུག་པ་སོགས་ཚང་མ་ནི་རི་སྐོར་གྱི་ནང་དོན་གཙོ་བོ་རེད”ཅེས་བཤད།

    2023ལོར་ཚེ་དབང་རྡོ་རྗེས་རི་སྐོར་རྒྱག་སྐབས་གཙོད་ཁྱུ་དང་ཡ་གྱར་བའི་གཙོད་ཕྲུག་3རྙེད་པ་ས་ཚིགས་སུ་ཁྲིད་ཡོང་ནས་གསོ་སྐྱོང་བྱས་པ་རེད།

    དུས་བབ་གསར་པའི་སྲུང་སྐྱོང་གི་དགོས་མཁོ་དང་འཚམ་པར། བརྟན་སྲུང་བྱེད་དགོས་ལ་གསར་གཏོད་ཀྱང་བྱེད་དགོས་པ་སྟེ། རུ་མི་ཚོས་ཚན་རིག་རྟོག་ཞིབ་པར་སྣེ་ཤན་དང་ལམ་རྒྱུད་ཀྱི་ཁ་ལོ་བར་ཞབས་འདེགས་ཞུ་དགོས་པ་མ་ཟད། སྐབས་རེ་ད་དུང“འགྲིམ་འགྲུལ་ཉེན་རྟོག་པ”བྱས་ནས་གཙོད་ཁྱུ་མཚོ་བོད་གཞུང་ལམ་བདེ་བླག་སྒྲོལ་ཐུབ་པར་བྱེད་དགོས།

    རུ་མི་ཚོས་ཟླ་བ་མི་རེ་ངོ་རེར་གཙོ་ཤུགས་རི་སྐོར་རུ་ཁག་བཙུགས་ནས་ཉུང་མཐར་ཡང་གཞི་ཁྱོན་ཆེན་པོས་རི་སྐོར་ཐེངས་གཅིག་རྒྱག་དགོས། རི་སྐོར་རྒྱག་ཐེངས་རེར་ཉུང་ན་གཟའ་འཁོར་གཅིག་དང་མང་ན་ཉིན་10ལྷག་འགོར་གྱི་ཡོད། “ཚང་མ་སྔ་ས་ནས་གོམས་ཡོད” ཡིན་ན་ཡང་དགུན་ཁར་ས་གཞི་འཁྱགས་པས་བསྡམས་པ་དང་དབྱར་ཁ་གང་སར་ན་འདམ་ཡིན་པས། གཟབ་གཟབ་བྱེད་དགོས་ཀྱི་འདུག་ཅེས་ཚེ་དབང་རྡོ་རྗེས་བཤད།

    ཉིན་གུང་མ་ཟིན་ཙམ་ལ་ཆུ་ཚོད་3ལྷག་གི་རི་སྐོར་གཞི་ནས་ཚར་སོང་། ཉིན་གུང་གི་ཁ་ལག་ནི་ཤ་ཏོག་ཙམ་དང་པད་ཚལ་རྐང་ཁ་ཤས་རེད། “ང་ཚོའི་ས་ཚིགས་ལ་མི་13ཡོད་པ་དང་། ཆུ་ཚན་ཁ་དང་། དམར་ཆུ། སྨུག་པ་ལ་སྒང་། ཁུའུ་ནན་སྲུང་སྐྱོང་ས་ཚིགས་བཅས་ཀྱི་མི་བསྣན་ཚེ་ཁྱོན་མི་50ལྷག་ཡོད་པ་དེ་དག་གིས་ལོ་འཁོར་མོར་ཁུ་ཁུ་ཤིས་རི་བརྟན་སྲུང་བྱས་ནས་སྡོད་ཀྱི་ཡོད་ཅིང་། ཁོང་ཚོའི་ཆ་སྙོམས་ལོ་ཚད་ལོ་30ཡང་ཟིན་གྱི་མེད” ད་ཆ། ཁུ་ཁུ་ཤིས་རིའི་གཙོད་གྲངས་དེ་སྔའི་ཁྲི་2ཡང་མི་ཟིན་པ་ནས་ཁྲི་7བར་འཕར་ཡོད་པ་མ་ཟད། ད་དུང་འབྲོང་དང་། ཝ། རྐྱང་སོགས་ཀྱང་ཡོད་པ་རེད།

    ཚེ་དབང་རྡོ་རྗེས་རང་འགུལ་ངང་འདི་ལོ་ས་ཚིགས་སུ་བསྡད་དེ་ལོ་གསར་གཏོང་རྒྱུའི་རེ་ཞུ་བྱས། ཕྱི་དྲོ་རི་སྐོར་ལ་མ་ཕྱིན་གོང་། ཁོང་གིས་ལོ་5ལ་སོན་པའི་བུ་མོར་བརྙན་ལམ་ནས“ཨ་ཕ་ལོ་གསར་རྗེས་སུ་ལོག་གི་ཡིན། དེ་དུས་རྔན་པ་ཁྱེར་ཡོང”ཞེས་བཤད།

    ཁ་བ་སྔར་བས་ཆེ་རུ་ཕྱིན་པས། ལོ་ཆུང་གི་ཁ་ལག་བྲེལ་བྲེལ་འཚུབ་འཚུབ་ངང་བཟས་རྗེས་རླངས་འཁོར་བཏང་ནས་སླར་ཡང་རི་སྐོར་ལ་བསྐྱོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།