འཁྱགས་མཚོ་བརྒྱུད་ནས་མཚེར་ས་སྤོ་བ།
ཟླ་2ཚེས་1ཉིན་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་འཐུས་གྲོང་ཚོའི་འབྲོག་པས་ཕུ་མ་གཡུ་མཚོའི་འཁྱགས་མཚོ་བརྒྱུད་དེ་ལུག་ཁྱུ་མཚོ་དབུས་གླིང་ཕྲན་དུ་དེད་པ་རེད། འཐུས་གྲོང་ཚོའི་ས་བབ་མཐོ་བ་དང་དབྱར་དུས་ཐུང་བས་རྩྭ་རས་ལུག་ཁྱུར་དགུན་སྒྲོལ་གྱི་གཟན་ཆག་འདང་ངེས་མཁོ་འདོན་མི་ཐུབ་པའི་རྐྱེན་གྱིས་ལོ་ལྟར་གྲང་ངར་ཆེ་ཤོས་ཀྱི་སྐབས་སུ་འཐུས་གྲོང་ཚོའི་འབྲོག་པས་ལུག་ཁྱུ་ཕུ་མ་གཡུ་མཚོའི་རྩྭ་ཆུ་བཟང་ཤོས་ཀྱི་མཚོ་དབུས་གླིང་ཕྲན་དུ་དེད་དེ། དུས་ཡུན་ཉིན་20ལྷག་ཙམ་རིང་ལུག་འཚོ་གི་ཡོད་ཅིང་། འདི་ནི་འཐུས་གྲོང་ཚོའི་ལུག་ཁྱུ་མཚེར་ས་སྤོ་བའི་གནས་ཚུལ་ཡིན་པ།