དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རང་རྒྱལ་གྱི“མཐོ་བ་བཞིའི”ཆེས་རིང་བའི་གཞུང་ལམ་གྱི་ཕུག་ལམ་ཐོག་མ་ཏལ་འབིགས་ཐུབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-03

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་30ཉིན། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཅུས་བཅུ་དྲུག་པ་འཛུགས་སྐྲུན་ལ་ཞུགས་པའི་རང་རྒྱལ་གྱི་མཐོ་གྲང་དང་། ས་བབ་མཐོ་བ། ཝ་སི་མཐོ་བ། མུ་ཟི་ཆིང་འགྱུར་མཐོ་བ་བཅས་གཞི་གཅིག་ཏུ་འདུས་པའི“མཐོ་བ་བཞིའི”ཕུག་ལམ་ཐོག་མ་སྟེ། རྒྱལ་ལམ་569ཡི་མན་ཏ་ལ་ནས་ཏ་ཐུང་བར་གྱི་མདོ་ལ་རིང་མོའི་ཕུག་ལམ་གཉིས་པ་རྦད་དེ་ཏལ་འབིགས་ཐུབ་ནས་གོམ་སྟབས་རྗེས་མར་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    མདོ་ལ་རིང་མོའི་ཕུག་ལམ་གཉིས་པ་ས་བབ་མཐོ་ཚད་སྨི་3500ལྷག་ཙམ་ཟིན་པའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་སེམས་ཉིད་ཤང་ཉིང་ཁྲན་ལུང་ཤུར་དུ་གནས་པ་དང་། དེ་ནི་རྒྱལ་ལམ་569ཡི་མན་ཏ་ལ་ནས་ཏ་ཐུང་བར་གྱི་གཞུང་ལམ་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད། ཕུག་ལམ་གྱི་རིང་ཚད་སྨི་6044ཟིན་ཞིང་། ཕུག་ལམ་ནང་གི་བྲག་སྐོར་ས་གཤིས་རྙོག་འཛིང་ཆེ་བ་དང་བརྟན་པོ་མེད་པས། སྔོག་འདྲུ་བྱས་རྗེས་དབྱིབས་འགྱུར་སླ་བ་དང་། ཉིལ་སླ་བ། འདམ་ཆུ་གློ་བུར་དུ་ཐོན་སླ་བ་དང་རྡོ་སོལ་ས་རིམ་གྱི་ཝ་སི་མཐོ་བ་དང་མུ་ཟི་ཆིང་འགྱུར་གྱི་དུག་ཡོད་དང་གནོད་ཡོད་རླངས་པའི་ཤུགས་རྐྱེན་ཐེབས་ནས་ཨར་ལས་ཀྱི་དཀའ་གནད་ཧ་ཅང་ཆེ་བས། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མཚོ་སྔོན་ཞིང་ཆེན་གྱི“ཉེན་ཁ་ཆེ་བའི་ལས་གྲྭ་ཨང་དང་པོར”གཏན་འཁེལ་བྱས་པ་རེད།

    ཀྲུང་གོ་ལྕགས་ལམ་ཅུས་བཅུ་དྲུག་པའི་རྣམ་གྲངས་འགན་འཁུར་བ་དབུན་ཅ་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མདོ་ལ་རིང་མོའི་ཕུག་ལམ་བདེ་འཇགས་ངང་ཏལ་འབིགས་ཐུབ་པར་འགན་ལེན་བྱ་ཆེད། ཨར་ལས་མི་སྣས་བྲག་ཕུག་ནང་རང་འགུལ་ངང་དུག་ཡོད་དང་གནོད་ཡོད་རླངས་པའི་ལྟ་ཞིབ་ཚོད་འཛིན་མ་ལག་བཀོད་སྒྲིག་བྱས་ནས་ཕུག་ལམ་ནང་གི་དུག་ཡོད་དང་གནོད་ཡོད་རླངས་པའི་གར་ཚད་ལ་སྐབས་ཐོག་ལྟ་ཞིབ་ཚོད་འཛིན་བྱེད་ཀྱི་ཡོད། བྲག་ཕུག་ནང་དུ་འབར་སྲིད་པའི་ཝ་སིའི་འབར་གས་ཀྱི་མེ་ཁུངས་མཐའ་དག་བཀག་པ་དང་། ཕུག་ལམ་ནང་དུ་འཛུལ་མཁན་ཚང་མར་ཞི་གློག་འགོག་པའི་ལས་གོས་དང་དུག་འགོག་ངོ་ཁེབས་སོགས་སྒྲིག་ཆས་སྤྲད་ཡོད། དེ་དང་ཆབས་ཅིག་ཨར་ལས་མི་སྣས་ཚན་རྩལ་འགག་སྒྲོལ་དང་། གསར་གཏོད་བཟོ་རྩལ། ཕུག་ལམ་ནང་གི་ཕུང་གསོག་རྡོ་ཧྲུག་དུམ་བུ་དང་། ཝ་སི་དུམ་བུ། རྡོ་སོལ་དང་ཝ་སི་མངོན་གསལ་དོད་པའི་དུམ་བུ་བདེ་འཇགས་ངང་སྒྲོལ་བར་འགན་སྲུང་བྱེད་པ་དང་ས་བབ་མཐོ་བའི་གཞུང་ལམ་གྱི་ཕུག་ལམ་ལས་གྲྭའི་སྟོང་ཆ་མང་པོ་བསྐངས་ཏེ་ཕུག་ལམ་དེ་རིགས་སྐྲུན་པར་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་པ་རེད།

    རྒྱལ་ལམ་569ཡི་མན་ཏ་ལ་ནས་ཏ་ཐུང་བར་གྱི་གཞུང་ལམ་ཧྲིལ་པོ་ཕྱོགས་ཡོངས་ནས་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་རྗེས། ཅིང་བོད་མྱུར་བགྲོད་གཞུང་ལམ་དང་ལན་ཧོ་མྱུར་བགྲོད་རྒྱལ་ལམ་གྱི་མ་ལམ་ནུབ་རྒྱུད་ས་ཁུལ་དུ་བར་ཐག་ཐུང་ངུས་མགྱོགས་མྱུར་འབྲེལ་མཐུད་ཐུབ་ནས་མཚོ་སྔོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་དང་ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་གྲོང་ཁྱེར་དབར་གྱི་མྱུར་བགྲོད་སྟབས་བདེའི་བགྲོད་ལམ་ཤར་གཏོང་ཐུབ་པ་དང་། དེ་མཚོ་སྔོན་དང་། ཀན་སུའུ། ནང་སོག ཉིང་ཞ། ཧྲའན་ཤིས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་དཔལ་འབྱོར་འཕེལ་རྒྱས་དང་ཞིང་ཆེན་དང་གྲོང་ཁྱེར་དབར་གྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།