དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་གངས་ཤུད་རི་འཛེག་འགྲན་བསྡུར་ལ་བོད་ལྗོངས་ཀྱི་ལུས་རྩལ་པས་གསེར་གྱི་རྟགས་མ་གསུམ་དང་དངུལ་གྱི་རྟགས་མ་གཅིག་བླངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-03

    འགྲན་ཞུགས་པ་ཚོས་གངས་ཤུད་རི་འཛེག་ཡོངས་བསྒྲགས་ཚོགས་ཆུང་གི་མཉམ་བསྲེས་མཐུད་རྒྱུག་འགྲན་བསྡུར་བྱེད་བཞིན་པ།

    རང་ལྗོངས་ཀྱི་ལུས་རྩལ་པ་བཀྲ་ཤིས་བསྟན་སྒྲོལ་གྱིས་འགྲན་བསྡུར་བྱེད་བཞིན་པ།

    རང་ལྗོངས་ཀྱི་ལུས་རྩལ་པ་བཀྲ་ཤིས་བསྟན་སྒྲོལ(གཡོན་གྱི་གསུམ་པ)དང་སྐལ་བཟང་རྣམ་རྒྱལ(གཡས་ཀྱི་གསུམ་པ)གྱིས་འགྲན་ཞུགས་པ་གཞན་དག་དང་མཉམ་དུ་པར་རྒྱག་བཞིན་པ།

    ཟླ་1ཚེས་30ཉིན་ནས་ཟླ་2ཚེས་1ཉིན་བར། རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་གངས་ཤུད་རི་འཛེག་གི་འགྲན་བསྡུར་ཁག་ནང་སོག་ཀྲ་ལན་ཐུན་གྲོང་ཁྱེར་ཅིན་ལུང་རི་བོའི་གངས་ཤུད་ཐང་དུ་གཉེར་ཞིང་། རང་ལྗོངས་ཀྱི་ལུས་རྩལ་པས་གསེར་གྱི་རྟགས་མ་གསུམ་དང་དངུལ་གྱི་རྟགས་མ་གཅིག་བླངས་ནས་གངས་ཤུད་རི་འཛེག་རྣམ་གྲངས་ཀྱི་འགྲན་བསྡུར་བདེ་བླག་ངང་མཇུག་འགྲིལ་བ་རེད།

    ཟླ་1ཚེས་30ཉིན། རང་ལྗོངས་ཀྱི་ལུས་རྩལ་པས་གངས་ཤུད་རི་འཛེག་རྣམ་གྲངས་ཀྱི་ཡོངས་བསྒྲགས་ཚོགས་ཆུང་གི་ཐག་ཐུང་འགྲན་བསྡུར་ལ་གསེར་གྱི་རྟགས་མ་གཉིས་དང་དངུལ་གྱི་རྟགས་མ་གཅིག་བླངས་ཡོད་པ་རེད། ཟླ་2ཚེས་1ཉིན། གངས་ཤུད་རི་འཛེག་རྣམ་གྲངས་ཀྱི་ཡོངས་བསྒྲགས་ཚོགས་ཆུང་གི་མཉམ་བསྲེས་མཐུད་རྒྱུག་འགྲན་བསྡུར་ལ་ཁྱོན་རུ་ཁག་8ཞུགས་པ་དང་རང་ལྗོངས་ཀྱི་འགྲན་ཞུགས་པ་ཚོགས་ཆུང་གསུམ་ཞུགས་ཡོད་པ་རེད། འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། བཀྲ་ཤིས་བསྟན་སྒྲོལ་དང་སྐལ་བཟང་རྣམ་རྒྱལ་ལ་གསེར་གྱི་རྟགས་མ་ཐོབ་པ་དང་ཚེ་བརྟན་གཡུ་སྒྲོན་དང་ཤིན་ཏེ་ཐའོ་ཨང་བཞི་པར་སླེབས་པ་རེད།

    བཀྲ་ཤིས་བསྟན་སྒྲོལ་ནི་མི་སྒེར་གྱི་འགྲན་བསྡུར་དང་མཉམ་བསྲེས་མཐུད་རྒྱུག་རྣམ་གྲངས་གཉིས་ཀར་ཞུགས་པའི་རུ་མི་འབའ་ཞིག་དེ་རེད། བཀྲ་ཤིས་བསྟན་སྒྲོལ་གྱིས། ད་ཐེངས་ཨང་དང་པོ་ཐོབ་ནས་བོད་ལ་གཟི་བརྗིད་བརྩོན་ལེན་ཐུབ་པར་ཧ་ཅང་དགའ་པོ་བྱུང་། མཇུག་མའི་འགྲན་བསྡུར་ཁག་ལ་ནུས་ཤུགས་གང་ཡོད་ཀྱིས་གྲུབ་འབྲས་དེ་བས་ལེགས་པ་བརྩོན་ལེན་བྱས་ཏེ་བོད་ལ་གཟི་བརྗིད་བརྩོན་ལེན་དང་རྒྱལ་ཁབ་ལ་མཚན་སྙན་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་བཤད།

    རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལའེ་མིན་གྱིས། རང་ལྗོངས་ཀྱི་གངས་ཤུད་རི་འཛེག་རྣམ་གྲངས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ང་ཚོས་ད་དུང་མིག་རྒྱང་སྔར་བས་རིང་བར་ཕྱོགས་ནས་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ་རྗེས་གྲབས་རུ་ཁག་འཛུགས་སྐྱོང་ཚུད་པའི་ཁུར་པོ་ཐེག་ཐུབ་པའི་རུ་ཁག་འགན་སྲུང་བྱས་ནས་ཨོ་རྩལ་འགྲན་ཚོགས་ལ་དམིགས་ཏེ་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རང་ལྗོངས་ཀྱི་ལུས་རྩལ་པས་བྱ་དགའ་མཐོ་ཤོས་ལེན་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།