དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ནི་ཕྱོགས་མང་སྒྲིག་ལམ་ལ་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྣེ་ཁྲིད་པ་ཞིག་རེད།

    —— མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་78པའི་ཀྲུའུ་ཞི་ཧྥུའུ་ལང་ཤིས་སིར་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-02-02

    ཉིན་ཤས་གོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་78པའི་ཀྲུའུ་ཞི་ཧྥུའུ་ལང་ཤིས་སིས་གྲོང་ཁྱེར་ཉིའུ་གཡོད་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྟེ། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ཀྲུང་གོས་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་འགོ་ཁྲིད་ཀྱི་ནུས་པ་བཏོན་པར་ཚད་མཐོའི་བསྔགས་བརྗོད་ཀྱང་གནང་བ་རེད། ཁོང་གིས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ལས་དོན་སྤེལ་བར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཨང་2758མཛུབ་ཁྲིད་དུ་བྱས་ནས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུ་རྒྱུ་ཡིན། འབྱུང་འགྱུར་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་སོགས་ཐད་ཀྲུང་གོས་སྔར་བས་འགག་རྩའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱིའི་གདན་ཞུས་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་78པའི་ཀྲུའུ་ཞི་ཧྥུའུ་ལང་ཤིས་སི་ཟླ་1ཚེས་27ནས་ཚེས་31ཉིན་བར་ཀྲུང་གོར་འཚམས་འདྲི་གནང་བ་རེད།

    ཧྥུའུ་ལང་ཤིས་སིས“ལོ་མང་རིང་ཀྲུང་གོས་གོ་ལ་ཧྲིལ་པོའི་མཉམ་ལས་དང་རྒྱལ་ཁབ་དབར་གྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲིག་གཞིའི་གལ་ཆེན་རང་བཞིན་ལ་བསམ་ཤེས་བྱས་ཡོད། དེ་དང་དུས་མཚུངས་སུ་ཀྲུང་གོས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་མི་ཚང་མར་ཞི་བདེ་དང་། དར་རྒྱས། ཡར་ཐོན། རྒྱུན་མཐུད་འཕེལ་རྒྱས་བཅས་བརྩོན་ལེན་བྱ་རྒྱུ་སྔོན་ལ་སྒྲུབ་པའི་བྱ་བར་བརྩི་བ་དེ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་འགན་འཁུར་རིང་ངས་སྔོན་ལ་སྒྲུབ་པའི་བྱ་བ་དང་ཚད་མཐོའི་གཅིག་མཐུན་བྱུང་འདུག”ཅེས་གསུངས་པ་རེད།

    ཧྥུའུ་ལང་ཤིས་སིས་ངོས་འཛིན་བྱས་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཕྱོགས་མང་སྒྲིག་ལམ་ལ་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་མུ་མཐུད“འགོ་ཁྲིད་ཀྱི་ནུས་པ་ཐོན་པ་དང་ཤུགས་རྐྱེན་གལ་ཆེན་ཐེབས་པར”བྱས་ཡོད། ཀྲུང་གོས་རྒྱལ་ཁབ་དབར་མཉམ་ལས་བྱས་ནས་འགྲན་སློང་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་ནི་ཁས་ལེན་གང་ལེགས་བྱེད་རིན་ཡོད་པ་ཞིག་རེད་འདུག “གོ་ལ་ཧྲིལ་པོས་ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་གཅོག་པའི་བྱ་ཐབས་ཡག་ཤོས་འབའ་ཞིག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་བྱེད་པའི་འཕེལ་རིམ་བརྒྱུད་ཕྱོགས་མང་རིང་ལུགས་ཀྱི་རྩ་བ་བརྟན་པོ་འཛུགས་རྒྱུ་དེ་ཡིན།

    ཧྥུའུ་ལང་ཤིས་སིས་ཀྲུང་གོས་སོ་ཏི་ཨ་རབ་དང་དབྱི་རན་དབར་ཕྱི་འབྲེལ་སླར་གསོ་ཡོང་བར་སྐུལ་འདེད་བཏང་བ་དཔེར་དྲངས་ཏེ། ཀྲུང་གོའི་བྱ་སྤྱོད་དེ་ཐོག་ནས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད། འགལ་བ་དང་མི་མཐུན་པའི་ཆ་སེལ་རྒྱུའི་ལངས་ཕྱོགས་བཟུང་བ་མ་ཟད། འབད་བརྩོན་ཡང་བྱས་པ་སྔར་ལས་མངོན་གྱི་འདུག “དེ་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་ཕུགས་བསམ་མངོན་འགྱུར་ཡོང་རྒྱུར་སྐུལ་མ་ཐེབས་ངེས་ཡིན་པའི”ངོས་འཛིན་གནང་བ་རེད།

    ཧྥུའུ་ལང་ཤིས་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་གཞག་ཁྲོད་དུ་ཀྲུང་གོས་ལེགས་སྐྱེས་ཕུལ་བར་གདེང་འཇོག་གང་ལེགས་གནང་བ་རེད། “ངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚབ་ཞུས་ནས་ཀྲུང་གོའི‘རྨོག་སྔོན’ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་དང་ཀྲུང་གོ་ནི“མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ཀྱི་འགོ་ཁྲིད”ཅིག་ཡིན་པ་མ་ཟད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཅིག་ཀྱང་ཡིན་པའི་ཀྲུང་གོས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་སྲིད་ཇུས་བཟོ་བ་དང་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་དབང་ཆ་སྤྲོད་པའི་ཐད“འགག་རྩའི་ལྟེ་བའི་ནུས་པ་འདོན་བཞིན་ཡོད”ཅེས་གསུངས་པ་རེད།

    ཧྥུའུ་ལང་ཤིས་སིས“ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་རྒྱག་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ལ་གཞི་ཚུགས་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྲུང་སྐྱོང་བྱེད་པའི་ཐད་ཀྲུང་གོ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད”ལ། གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཁྱབ་ཁོངས་ནང་ཀྲུང་གོས་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད་ཅེས་ནན་བཤད་གནང་ཞིང་། ཁོང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདི་ལོའི་ཟླ་9པར་འབྱུང་འགྱུར་དབུ་ཚོགས་འཚོག་རྒྱུའི་དམིགས་ཡུལ་ནི་རྒྱལ་སྤྱིའི་མཉམ་ལས་ནུས་ལྡན་བྱེད་ལམ་དང་གོ་ལ་ཧྲིལ་པོའི་འགྲན་སློང་ཐག་གཅོད་བྱེད་ལམ་གསར་པ་འཚོལ་ཞིབ་བྱེད་པའི་ཆེད་དུ་རེད། “འཕེལ་རིམ་གལ་ཆེན་དེའི་ནང་ཀྲུང་གོས་འགག་རྩའི་ནུས་པ་བཏོན་ཏེ། གོ་ལ་ཧྲིལ་པོའི་དྲང་གཞག་དང་ཐུན་མོང་འཕེལ་རྒྱས་ལ་རྒྱབ་སྐྱོར་དེ་བས་ཆེ་བ་བྱ་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།