དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གྲོས་ཞིབ་ལས་དོན་ཚོགས་ཆུང་གིས་ཀྲུང་གོ་གྲོས་ཞིབ་ནང་ཞུགས་རྒྱུའི་སྙན་ཞུར་གྲོས་འཆམ་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-01

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་1ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་26ཉིན། སུའེ་ཙེར་གྱི་རི་ནེ་ཝར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གྲོས་ཞིབ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་སྐབས་45པའི་ཐོག ཀྲུང་གོ་རེས་སྐོར་བཞི་པའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གྲོས་ཞིབ་ནང་ཞུགས་རྒྱུའི་སྙན་ཞུར་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་བ་རེད། མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁང་དང་སུའེ་ཙེར་དུ་རྒྱུན་སྡོད་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་ཚབ་གཞུང་ཚབ་ཆེ་མོ་བ་ཁྲེན་ཤུས་ཀྱིས་ཀྲུང་གོ་སྲིད་གཞུང་གི་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་པ་རེད།

    གྲོས་ཞིབ་སྙན་ཞུར་གྲོས་འཆམ་བྱུང་རྗེས་ཁྲེན་ཤུས་ཀྱིས། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། བརྗིད་ཆེའི་དམིགས་ཚད་འདི་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་ང་ཚོས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ལས་མི་དམངས་ཡོངས་རྫོགས་ལ་ཕན་པ་སྔར་བས་མང་ཞིང་དྲང་གཞག་ཐོབ་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་འགན་ལེན་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། མིའི་རང་དབང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་རང་ངོས་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག ཐོག་མཐའ་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཁེའི་དར་ཆ་མཐོན་པོར་སྒྲེང་བ་དང་། རང་ཚུགས་གཞན་སྐྱོར་དང་ཡིད་ལ་གནམ་འོག་འཆང་རྒྱུ་མཐའ་འཁྱོངས་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྣེ་ཁྲིད་སྲོལ་གཏོད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱེད་པ་དང་། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ། མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་ཐོག་བསྐྲུན་རྒྱུ་ཡིན་ཞེས་བརྗོད་པ་རེད།

    དེ་གོང་ཀྲུང་གོ་སྲིད་གཞུང་གི་འཐུས་ཚབ་ཚོགས་པས་ཟླ་1ཚེས་23ཉིན་གྲོས་ཞིབ་ཚོགས་འདུར་ཞུགས་ཏེ། སྒོ་དབྱེའི་རྣམ་འགྱུར་ཐོག་ནས་རྒྱལ་ཁབ་ཁག་གི་འཐུས་ཚབ་དང་དགེ་མཚན་ལྡན་པའི་སྐད་ཆ་ཤོད་རེས་བྱས་པ་རེད། རྒྱལ་ཁབ་120ལྷག་ཙམ་གྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རིམ་ལ་གདེང་འཇོག་གང་ལེགས་བྱས་པ་དང་། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱས་པར་ཁས་ལེན་གང་ལེགས་བྱས་ཡོད། རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་གྲོས་ཞིབ་བྱ་རྒྱུ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་འདྲ་མཉམ་ཟོལ་མེད་ཀྱི་སྤེལ་རེས་བྱས་ནས་དགེ་མཚན་ལྡན་པའི་སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་རེད། ཀྲུང་གོས་དེ་གོང་2009ལོ་དང་། 2013ལོ། 2018ལོ་བཅས་སུ་རེས་སྐོར་གོང་མ་གསུམ་གྱི་གྲོས་ཞིབ་ལ་ཞུགས་མྱོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།