དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཙན་ལྷ་རྫོང་མའོ་ཧྲུའེ་གྲོང་ཚོས།

    ཏང་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱིས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལི་ཁའེ་ཞོན།   |     སྤེལ་དུས།  2024-02-01

    སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཙན་ལྷ་རྫོང་མའོ་ཧྲུའེ་གྲོང་ཚོ་ནི་གྲོང་ཚོ་སྐྱོ་པོ་ཞིག་རེད། གྲོང་མི་ཚོས་ཞོག་ཁོག་དང་ཨ་ཤོམ་སོགས་སྲོལ་རྒྱུན་གྱི་སྐྱེ་དངོས་བཏབ་པར་ཡོང་འབབ་མང་པོ་མེད། གྲོང་ཚོ་དེར་ཐོན་ལས་ཡག་པོ་ཞིག་མེད་པས་ཕྱུག་པོ་ཆགས་ཐབས་བྲལ། ཡིན་ན་ཡང་། 2011ལོ་ནས་བཟུང་། གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན་གྱི་སྣེ་ཁྲིད་འོག་གྲོང་མི་ཚང་མས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱ་སེ་མེ་ཏོག་ཚོད་འདེབས་བྱས་པས་ཕྱུག་འགྱུར་ལམ་བུར་སྐྱོད་འགོ་ཚུགས།

    གྲོང་ཚོ་འཕོ་འགྱུར་གྱི་གོམ་སྟབས་དང་པོ་སྣེ་ཁྲིད་པའི་ཁྲིད་སྟོན་འོག་སྤོས་བ། མའོ་ཧྲུའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཁྲེན་དབང་ཧུའེ་ཡིས། སྟེས་དབང་གི་གོ་སྐབས་ཞིག་གིས། ངས་རི་ལྡེབས་ཀྱི་རི་སྐྱེས་རྒྱ་སེ་མེ་ཏོག་རི་སྐྱེས་སྲོག་ཆགས་ཀྱིས་མ་བཟས་པར་སྐྱེ་འཚར་ཡག་པོ་ཡོད་པ་མཐོང་བྱུང་། “རྒྱ་སེ་མེ་ཏོག་གི་དཔལ་འབྱོར་རིན་ཐང་ཆེན་པོ་ཡོད། གལ་སྲིད་འདེབས་ཐུབ་ན་ང་ཚོའི་གྲོང་ཚོར་ཕྱུག་འགྱུར་ཐབས་ལམ་རྙེད་པ་རེད”ཅེས་སྙམ་ནས་ཞིང་ཆེན་ཁག་གི་རྒྱ་སེ་མེ་ཏོག་འདེབས་འཛུགས་རྟེན་གཞིར་བསྐྱོད་དེ་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱས་རྗེས་རྒྱ་སེ་མེ་ཏོག་གི་སོན་བཟང་མའོ་ཧྲུའེ་གྲོང་ཚོར་ཁྱེར་ཡོང་བ་ཡིན་ཞེས་བཤད།

    “རྒྱ་སེ་མེ་ཏོག་སྐྱེ་འཚར་ཁག་པོ་ཡོད། བཏབ་ན་ཡག་པོ་སྐྱེས་སམ” “སྐྱེས་ཀྱང་འཚོང་ས་རག་གམ། གོང་ཡག་པོ་རག་ཡོང་ངམ”སོགས་ཐོན་ལས་གསར་པ་འཕེལ་རྒྱས་གཏོང་སྐབས་ཡུལ་མི་སྤུན་ཟླ་ཚོར་སེམས་ཁྲལ་མང་པོ་བྱུང་ནས་རྒྱ་སེ་མེ་ཏོག་ཚོད་འདེབས་ཁྱབ་གདལ་ཐད་དཀའ་ངལ་མང་པོ་འཕྲད། ཏང་ཡོན་ཚོས“དབུལ་སྒྲོལ་ཕྱུག་འགྱུར་ཡོང་དགོས་ན་གྲོང་ཚོར་ངེས་པར་ཏུ་བློ་གཏད་ས་ཞིག་དགོས་པས” ཏང་རྩ་འཛུགས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་ནས་མི་སེམས་གོང་བུ་གཅིག་ཏུ་བསྒྲིལ་ཏེ་ཟུངས་ཤུགས་འཕེལ་བར་བྱེད་དགོས་སྙམ།

    ཁ་བཤད་ལག་བསྟར་བྱས་ཏེ། ཉིན་མོ་ཞིང་ལས་ལ་བྲེལ་བ་དང་དགོང་མོ་མཚན་མོའི་སློབ་གྲྭར་ཕྱིན་ཏེ། ཏང་ཡོན་ལས་བྱེད་པས་ཀུན་གྱི་སྣེ་ཁྲིད་དེ་ལག་རྩལ་སློབ་སྦྱོང་བྱས་པས་རྒྱ་སེ་མེ་ཏོག་འདེབས་འཛུགས་དུད་ཚང་ཁག་དང་པོར་གྱུར། ས་གནས་དེ་གའི་གནམ་གཤིས་རྒྱ་སེ་མེ་ཏོག་སྐྱེ་འཚར་ལ་འཚམ་པའི་ཁར་གཡོག་བྱེད་ཡག་པོ་བྱས་པས་མའོ་ཧྲུའེ་གྲོང་ཚོས་བཏབ་པའི་རྒྱ་སེ་མེ་ཏོག་གི་སྤུས་ཀ་ཧ་ཅང་ལེགས་པོ་བྱུང་ནས་གྲོང་མི་ཚོས་རེ་བ་མཐོང་། ཁྲེན་དབང་ཧུའེ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཕུགས་ལ་དམིགས་ནས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དང་རི་སྐྱེས་ཐོན་ཁུངས་གསར་སྤེལ་ཀུང་སི་བཙུགས་པས་གྲོང་ཚོའི་བེད་མེད་དུ་ལུས་པའི་ས་རྒོད་རྒྱ་སེ་མེ་ཏོག་རྟེན་གཞིར་གྱུར། འདེབས་འཛུགས་ནས་གཡོག་བྱེད་བར་དང་། དེ་ནས་ལས་སྣོན་རགས་ཙམ་བྱས་པས་ཁྲོམ་རར་ཕྱིར་འཚོང་བྱེད་པའི་རྒྱ་སེ་མེ་ཏོག་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་སྟོབས་ཆེར་ཕྱིན་པ་རེད།

    གྱ་གྱུ་ལ་ནི་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་སྐབས་བརྒལ་བའི་གངས་རི་དང་པོ་ཡིན་པས། དེའི་མཐའ་འཁོར་དུ་གསར་བརྗེའི་རིག་གནས་ཀྱི་རྣམ་པ་ཟབ་མོ་ཡོད། ཏང་ཡོན་སྒྲིག་འཛུགས་བྱས་ནས་དམར་དམག་རྒྱང་སྐྱོད་ལམ་བུར་སླར་ཡང་བསྐྱོད་པ་དང་། ཏང་གི་ལོ་རྒྱུས་སྐོར་གྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་འཆད་ཁྲིད་བྱེད་པ། རྒྱང་སྐྱོད་རིག་གནས་འགྲེམས་ཁང་འཛུགས་པ་སོགས་རྒྱ་སེ་མེ་ཏོག་གི་ཐོན་ལས་འཕེལ་རྒྱས་ཡག་པོ་བཏང་བ་དང་། མའོ་ཧྲུའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་ཀྱང་གསར་བརྗེའི་ཐོན་ཁུངས་སྔོག་འདོན་ཧུར་ཐག་བྱས་ནས་ཏང་ཡོན་ཚོའི་ངར་ཤུགས་འཕེལ་བར་བྱས།

    གཞི་རིམ་ཏང་རྩ་འཛུགས་ཡག་པོ་བཙུགས་ནས་སྟོབས་ཆེར་བཏང་བས་ཐོན་ལས་འཕེལ་རྒྱས་ལ་དམིགས་ས་ཡོད་པར་བྱས་པ། ཁྲེན་དབང་ཧུའེ་ཡིས་གསར་འགོད་པར། རྩ་འཛུགས་ཀྱི་སྣེ་ཁྲིད་འོག མའོ་ཧྲུའེ་གྲོང་ཚོས་ཐོན་ལས་ལེགས་སུ་གཏོང་བ་དང་། མང་ཚོགས་ཕྱུག་འགྱུར་དམིགས་ཚད་དུ་བཟུང་ཐོག་འཕེལ་རྒྱས་གཏོང་སྟངས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། མཉམ་ལས་ཁང་གིས“ཕྱིར་སློག་རྣམ་པ”དང“རྐང་དབང་ཚད་འབེབས”སོགས་ཀྱི་མཉམ་སྤྱོད་ལམ་སྲོལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། ཞིང་དུད་ལ་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་དང་། གསོ་སྦྱོང་། ལག་རྩལ་ཞབས་ཞུ་སོགས་མཁོ་འདོན་བྱེད་པ་དང་། ཀུང་སིས་རྒྱ་སེ་མེ་ཏོག་གཅིག་གྱུར་ཉོ་སྒྲུབ་བྱས་ནས་ཟོག་ཁུངས་བརྟན་པོ་བཟོས་ཏེ་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། ཏང་ཡོན་ཀྱིས་ཞིང་དུད་ལ་སྐུལ་ཁྲིད་བྱས་ནས་ཧུར་ཐག་ཞུགས་པ་སོགས་ཕྱོགས་ཁག་གིས་གཞོགས་འདེགས་ཧུར་ཐག་བྱས་པས། གྲོང་མི་ཚོས་རྒྱ་སེ་མེ་ཏོག་གི་ཐོན་ལས་གཉེར་ནས་མའོ་ཧྲུའེ་གྲོང་ཚོ་ཕྱུག་པོ་ཆགས་ཡོད་ཅེས་བཤད།

    རྒྱ་སེ་མེ་ཏོག་ལས་སྣོན་འཁོར་ཁང་དུ་མེ་ཏོག་གི་དྲི་ཞིམ་འཐུལ། རྒྱ་སེ་མེ་ཏོག་བཏབ་པའི་ཡོང་འབབ་ཕུད། གྲོང་མི་ཚོར་ད་དུང་རྟེན་གཞི་དེར་ལས་ཀ་བྱས་པའི་ཡོང་འབབ་གསོག་ཐུབ། ཐོན་ལས་འཕེལ་རྒྱས་ཕྱིན་ནས་ད་བར། རྒྱ་སེ་མེ་ཏོག་ནི་བཙན་ལྷ་རྫོང་གི་ཀ་རྟེན་ཐོན་ལས་ཤིག་ཏུ་གྱུར་ནས་འདེབས་ཁྱོན་མུའུ་ཁྲི་1.5བར་ཆེ་རུ་ཕྱིན་ཡོད། རྫོང་ཡོངས་ཀྱི་ཞིང་དུད་3300ལྷག་ཙམ་དེའི་ནང་ཞུགས་པར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་5000ལྷག་ཙམ་བྱུང་ཡོད་པ་རེད།

    གྲོང་ཚོའི་བཀོད་པ་ལེགས་སུ་བཏང་བ་ལས་ཡུལ་མི་སྔར་བས་མང་བར་ཡུལ་སྐོར་གྱི་ཡོང་འབབ་རག་ཡོད། ཤར་རྒྱུད་དང་ནུབ་རྒྱུད་མཉམ་ལས་བྱེད་པ་གོ་སྐབས་སུ་བྱས་ཏེ་མའོ་ཧྲུའེ་གྲོང་ཚོས་ཀྲེ་ཅང་ཞིང་ཆེན་གྱི་རོགས་སྐྱོར་འོག“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་ཚོར་འཛུགས་སྐྲུན་བྱས། གྲོང་ཚོའི་བཀོད་པ་སྒྱུར་བཀོད་ལ་མ་དངུལ་བཏང་ནས་བོད་བཟོའི་ཁྱད་ཆོས་མངོན་པར་བྱས་པས་མའོ་ཧྲུའེ་གྲོང་ཚོ་འདི་ཉིད་རྒྱལ་རོང་གི་ཉམས་འགྱུར་གྱིས་ཕྱུག་པའི་གྲོང་གསར་པ་ཞིག་ཏུ་གྱུར་པ་དང་། གྲོང་མི་ཚོས་རྒྱ་སེ་མེ་ཏོག་བཏབ་ནས་ཁྱིམ་ཚང་གི་སྒོ་ར་མཛེས་སུ་ཧུར་ཐག་བཏང་བས་ཁྱིམ་ཚང་ཚང་མར་སོ་སོར་དབང་བའི་མཛེས་ལྗོངས་རེ་ཡོད་པ་དང་། རྐང་ཐང་ལམ་དང་། གྲོང་གསེབ་ཀྱི་དཔེ་མཛོད་ཁང་། སྐྱེ་ཁམས་རླངས་འཁོར་འཇོག་ས་བཅས་སྒྲིག་བཀོད་ཡག་ཏུ་བཏང་ནས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་པས། རི་གྲོང་ཆུང་ངུར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་མཛེས་ལྗོངས་ཁུལ་གྱི་རྣམ་པ་ཟབ་མོ་ལྡན་ཡོད།

    ཡོན་ཁྲང་རུང་གིས་གསར་འགོད་པ་མའོ་ཧྲུའེ་གྲོང་ཚོར་ལྟ་སྐོར་ལ་ཁྲིད་སྐབས་གྲོང་ཚོའི་སྲང་ལམ་གཙང་སྦྲ་དོད་ལ་ཆུ་བོ་དྭངས་ཤིང་གཙང་བ་ཞིག་མཐོང་བྱུང་། “ཡུལ་མི་ཚོའི་འདུ་ཤེས་ཟབ་ཏུ་ཕྱིན་འདུག”ཁོང་གིས་གསར་འགོད་པར། ཡུལ་མི་ཚོས་རང་འགུལ་ངང་དངུལ་བཏོན་ནས་ཁྲིམས་འགལ་ངང་བརྒྱབ་པའི་ཁང་པ་བཤིག་པ་དང་། འགྲོ་ལམ་རྒྱ་ཆེ་རུ་གཏོང་བ་སོགས་སྐྱེ་ཁམས་བདག་སྐྱོང་ལས་དོན་ལ་ཧུར་ཐག་ཞུགས་ཀྱི་འདུག གྲོང་ཚོར་ད་དུང“མཉམ་སྐྱོང་མཉམ་ཕྱུག་གི་སྡེ་ཁུལ་འཕེལ་རྒྱས་ཀྱི་ཐེབས་རྩ”བཙུགས་ཏེ་རྒྱ་སེ་མེ་ཏོག་ཐོན་ལས་ཀྱི་ཡོང་འབབ་ལ་བརྟེན་ནས་སྡེ་ཁུལ་འཛུགས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།

    “གྲོང་ཚོ་སྟོབས་ཆེ་དང་། མང་ཚོགས་ཕྱུག་པོ། ཡུལ་ལྗོངས་མཛེས་པ། མི་རྣམས་འཆམ་མཐུན”བཅས་ཡོན་ཁྲང་རུང་དང་འདྲ་བར་སྔོན་ཆད་ཀྱི་གྲོང་ཚོ་སྐྱོ་པོ་དེར་འཚོ་སྡོད་བྱེད་མཁན་མི་རྣམས་ཀྱིས་དེ་ལྟ་བུའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་སྐོམ་པ་ཆུ་འདོད་ལྟར་བྱེད་ལ་ད་ཆ་ཚང་མ་མངོན་འགྱུར་བྱུང་ཡོད། ཁྲིད་སྟོན་བྱེད་མཁན་ཡོད་པ་དང་། འབད་འཐབ་བྱེད་ཕོད་པ། གསར་གཏོད་ལ་མཁས་པ་བཅས་ལས་མའོ་ཧྲུའེ་གྲོང་ཚོར་དར་རྒྱས་ཀྱི་གསོན་ཤུགས་འཕེལ་ནས་ཡུལ་མི་རྣམས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་གོམ་སྟབས་སྤོ་བཞིན་མཆིས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།