དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང”གི་ཞོར་ཚོགས་རི་ནེ་ཝར་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-31

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་གོར་རེས་སྐོར་བཞི་པའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་གྲོས་ཞིབ་བྱེད་འགོ་ཚུགས་པའི་སྐབས་འདིར། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང”གི་ཞོར་ཚོགས་སུའེ་ཙེར་གྱི་རི་ནེ་ཝར་འཚོགས་པ་རེད། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་། མཁས་དབང་། སྤྱི་ཚོགས་རྩ་འཛུགས་ཀྱི་འཐུས་མི། སྨྱན་སྦྱོར་ལས་རིགས་ཀྱི་འཐུས་མི་བཅས་མི་50ལྷག་ཙམ་ཚོགས་འདུར་ཞུགས་ཤིང་། ཚོགས་འདུས་དྲ་རྒྱའི་ལས་སྟེགས་བརྒྱུད་གོ་ལ་ཧྲིལ་པོར་ཐད་གཏོང་བྱས་པ་རེད།

    ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཀྲུའུ་ཧུང་ལི་ཡིས། འགྲོ་བ་མིའི་ཐོབ་ཐང་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་གྲུབ་འབྲས་དང་མཚོན་རྟགས་ཤིག་ཡིན་ལ། དེང་རབས་ཤེས་དཔལ་གྱི་ཁྱད་ཆོས་ཀྱང་ཡིན་པས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པ་ནི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དེང་རབས་ཅན་འཛུགས་སྐྲུན་ལ་གཞོལ་ཏེ་འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་སྐུལ་འདེད་གཏོང་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རྒྱལ་སྤྱིའི་བཅའ་ཁྲིམས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཏའེ་རུའེ་ཅུན་གྱིས། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་བུད་མེད་ཀྱི་ཁེ་དབང་ལ་ཁྲིམས་འཛིན་གྱི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བར་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ཡོད། 2022ལོར་ཀྲུང་གོས《བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》ལ་ཕྱོགས་ཡོངས་ནས་བཟོ་བཅོས་ཐེངས་གཉིས་པ་བརྒྱབ་སྟེ“གུན་གསབ་བྱ་ཐབས”ཞེས་པའི་ལེའུ་གསར་དུ་བསྣན་པ་མ་ཟད། མཉམ་དུ་སྐོང་འདྲི་དང་། སྤྱི་ཕན་གཏུག་བཤེར། ཞུ་གཏུག་ལ་རྒྱབ་སྐྱོར་སོགས་ཀྱི་ལམ་ལུགས་ཀྱང་གསར་པ་བཟོས་ཏེ་ཁེ་དབང་གུན་གསབ་ཀྱི་དངོས་ཕན་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད་ཅེས་བརྗོད།

    ཤིན་ཅང་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་རི་སྨི་ནཱ·ཤའོ་ཁེ་ཐི་ཡིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཤིན་ཅང་གི་ལག་ལེན་དངོས་ཀྱི་འཕེལ་རིམ་ཁྲོད། ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཤིན་ཅང་གི་ལག་ལེན་དངོས་ནང་མི་རིགས་ཁག་གི་མང་ཚོགས་ཀྱི་ངལ་རྩོལ་ཁེ་དབང་དང་སློབ་གསོ་དང་ལེན་དབང་ཆ་འགན་ལེན་གང་ལེགས་ཐུབ་ནས་ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཐོབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། སྤྱི་ཚོགས་བརྟན་ལྷིང་དང་མི་དམངས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད་པའི་ངོས་འཛིན་བྱས་ཡོད།

    ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཤའོ་ཝུའུ་ཡིས། ཀྲུང་གོས་ཁྲིམས་བཞིན་བོད་སྐྱོང་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་བའི་གྲུབ་འབྲས་དངོས་ཀྱི་ཕན་འབྲས་ལ་བརྟེན་ནས་དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་ཞིག་བཏིང་བ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བཅའ་ཁྲིམས་ཀྱིས་དཀྲིས་པའི་རྒྱལ་ཁབ་དང་ས་གནས་ཀྱི་ལས་དོན་དོ་དམ་བྱེད་པའི་ཁེ་དབང་ཁག་ལོངས་སྤྱོད་གང་ལེགས་བྱེད་ཀྱི་ཡོད་ཅེས་བརྗོད།

    ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གི་ལས་རོགས་ཞིབ་འཇུག་པ་བསོད་ནམས་སྒྲོལ་མས། ཀྲུང་གོ་སྲིད་གཞུང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། མ་དངུལ་གཏོང་བ། སློབ་གསོ་གསོ་སྦྱོང་། རྒྱལ་སྤྱིའི་སྤེལ་རེས། དེ་བཞིན་ས་གནས་དེ་གའི་ཡུལ་མི་དང་འབྲེལ་ཡོད་སྒྲིག་གཞི་ཧུར་ཐག་ཞུགས་པ་བཅས་ལས་བོད་ཀྱི་ཐུན་མོང་མ་ཡིན་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ནུས་ལྡན་ཐུབ་ནས་དེ་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བཞིན་ཡོད་ཅེས་བརྗོད།

    སུའེ་ཙེར་དང་། ཐུར་ཁེ། བྷང་ག་ལ། ཁ་མེ་རོང་སོགས་ཀྱི་རྒྱལ་ཁབ་ནས་ཡོང་བའི་སྐུ་མགྲོན་དང་། དེ་བཞིན་སྤྱི་ཚོགས་རྩ་འཛུགས་མང་པོ་ནས་ཡོང་བའི་འཐུས་མི་དང་རིགས་གཅིག་མཁས་ཅན་བཅས་དབར་མཉམ་འགུལ་ཡང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།