བོད་ཀྱིས་ཞིང་ལས་ཚན་རྩལ་གླིང་ཁུལ་14བསྐྲུན་པ།
བོད་ཀྱི་ཞིང་ལས་ཀྱི་ཁྱབ་ཁོངས་གཙོ་བོར་ཁྱབ་པ།
ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། ལྷོ་ཁ་གྲ་ནང་ས་མཐོའི་སྐྱེ་ལྡན་ཤིང་འབྲས་དང་སྔོ་ཚལ་ཞིང་ལས་ཚན་རྩལ་གླིང་ཁུལ་དེ་ཉེ་ཆར་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་དུ་གཏན་འཁེལ་བྱས་ཤིང་། མིག་སྔའི་བར་བོད་ལྗོངས་ཞིང་ལས་ཚན་རྩལ་གླིང་ཁུལ་བསྡོམས་14བསྐྲུན་པའི་ནང་རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་4དང་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་10ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་20ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད། བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རྩལ་གླིང་ཁུལ་གྱི་གྲངས་འབོར་མངོན་གསལ་དོད་པོས་ཇེ་མང་དང་གཞི་ཁྱོན་མངོན་གསལ་དོད་པོས་ཇེ་ཆེར་ཕྱིན་ཡོད། ཞིང་ལས་ཚན་རྩལ་གླིང་ཁུལ་14དག་བོད་ཀྱི་ཞིང་ལས་ཀྱི་ཁྱབ་ཁོངས་གཙོ་བོར་ཁྱབ་པ་མ་ཟད། གངས་ལྗོངས་ས་མཐོའི་ཞིང་ལས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ལས་སྟེགས་གལ་ཆེན་དུ་གྱུར་ནས། ས་ཁུལ་གྱི་གྲོང་གསེབ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་དང་བོད་ཀྱི་ཞིང་འབྲོག་ལས་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད།
2003ལོར་ཆོག་མཆན་ཐོབ་ནས་བསྐྲུན་པའི་ལྷ་ས་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་ནི་རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་ཁག་གཉིས་པ་ཡིན་ལ། རྒྱལ་ཁབ་རིམ་པའི་བོད་ཀྱི་ཞིང་ལས་ཚན་རྩལ་གླིང་ཁུལ་ཐོག་མ་དེའང་རེད། ཉེ་བའི་ལོ་ཤས་རིང་། གླིང་ཁུལ་དེས་བོད་རང་སྐྱོང་ལྗོངས་ཀྱི“དཔལ་འབྱོར་ཁུལ་ཆེན་པོ་གསུམ་དང་། ཐོན་ལས་རྒྱུད་ཆེན་པོ་བདུན”འཛུགས་སྐྱོང་ལ་དམ་པོར་དམིགས་ནས་ཞིང་འབྲོག་ལས་ཀྱི་ལག་རྩལ་དཔེ་སྟོན་ཁྱབ་གདལ་དང་ཚན་རྩལ་ཞབས་ཞུ་སྤེལ་བ་དང་ཆབས་ཅིག རིམ་པ་ཁག་དང་རིགས་ཁག་གི་ཚན་རྩལ་རྣམ་གྲངས་ལ་བརྟེན་ཏེ་རྫོང(ཆུས)58དུ་སྔ་རྗེས་སུ་ཞིང་ལས་སྐྱེ་དངོས་དང་། སྐྱེད་ཚལ། སྒོ་ཕྱུགས་དང་ཁྱིམ་བྱ་དང་དེ་བཞིན་གཟན་རྩྭའི་སྣ་ཁ་གསར་པ་དང་ལག་རྩལ་གསར་པའི་དཔེ་སྟོན་ཁྱབ་གདལ་དང་། ཞིང་འབྲོག་པའི་ལག་རྩལ་གསོ་སྦྱོང་། ཚན་རྩལ་དབུལ་སྐྱོར་དང་ཚན་རྩལ་བློ་འདྲི་བཅས་ཀྱི་ཞབས་འདེགས་ཞུས་ཡོད།
བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ཕྱིས་འབྱུང་ང་ཚོས་ཞིང་ལས་ཚན་རྩལ་གླིང་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་དང་གླིང་ཁུལ་དབར་གྱི་མཉམ་ལས་སྤེལ་རེས་ལ་སྐུལ་འདེད་བཏང་ནས་གླིང་ཁུལ་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་དང་ཤུགས་རྐྱེན་སྔར་བས་ཆེ་རུ་གཏོང་གི་ཡིན་ཞེས་བརྗོད།