དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་དང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-01-30

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་སུའེ་ཙེར་གྱི་རི་ནེ་ཝར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་བཞི་པའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གྲོས་ཞིབ་ལ་ཞུགས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་རྒྱུན་སྡོད་འཐུས་ཚབ་གཞུང་ཚབ་ཆེ་མོ་བ་ཁྲེན་ཤུས་ཀྱིས་ཀྲུང་གོ་སྲིད་གཞུང་གི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་པ་རེད། ཕྱི་འབྲེལ་པུའུ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན། ཆེས་མཐོའི་མི་དམངས་ཁྲིམས་ཁང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། སློབ་གསོ་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། སྤྱི་བདེ་པུའུ། དམངས་སྲིད་པུའུ། ཁྲིམས་འཛིན་པུའུ། མི་སྤྱི་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། ཞིང་ལས་གྲོང་གསེབ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་ཆོས་ལུགས་ཅུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབང་པོ་སྐྱོན་ཅན་ལས་དོན་ཨུ་ལྷན་སོགས་འབྲེལ་ཡོད་ཚན་པ་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་འཐུས་མི་གྲོས་ཞིབ་ལ་ཞུགས་ཡོད་པ་རེད།

    གཞུང་ཚབ་ཆེ་མོ་བ་ཁྲེན་ཤུས་ཀྱིས་གྲོས་ཞིབ་བྱེད་རིང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་དང་གྲུབ་འབྲས་ཆེན་པོ་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་ཤིང་། ཁོང་གིས། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལས་དོན་གལ་ཆེན་ལ་བརྩིས་ནས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། ཀྲུང་གོས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་སེར་རྣམས་འཚོ་བ་དེ་བས་ཡག་པོ་སྐྱེལ་ཐུབ་པའི་འབད་བརྩོན་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས། མི་དམངས་རྣམས་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་འགྱུར་བའི་འགན་ལེན། འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་དང་མཉམ་སྤྱོད་མཐའ་འཁྱོངས་བཅས་བྱས་ནས་མི་ཚང་མར་མི་ཚེའི་བཀྲག་མདངས་འཚེར་བའི་གོ་སྐབས་མཉམ་སྤྱོད་ཐུབ་པར་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་སྟེ་བདེ་འཇགས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་བྱེད་པ་དང་། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ། མཉམ་ལས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་མ་གཏོང་བ། འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཟམ་མི་ཆད་པར་རྩོམ་པ་བཅས་བྱས་ནས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་ནན་བཤད་བྱས་པ་རེད།

    ཀྲུང་གོའི་འཐུས་མི་ཚོགས་པས་སྒོ་དབྱེ་ཟོལ་མེད་ཀྱི་རྣམ་འགྱུར་ཐོག་ནས་རྒྱལ་ཁབ་ཁག་གི་འཐུས་མི་དང་དགེ་མཚན་ལྡན་པའི་གླེང་མོལ་བྱས་པ་རེད། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཀྱང་ཤང་ཀང་དང་ཨའོ་མོན་དང་འབྲེལ་བ་ཡོད་པའི་གནད་དོན་སྐོར་ལ་གཏམ་བཤད་སྤེལ་བ་དང་ཨ་ལན་བསློགས་པ་རེད། གྲོས་ཞིབ་བྱེད་རིང་། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་འགན་ལེན་གྱི་བྱ་ཐབས་གསར་པ་ཁག་30སྤྱོད་རྒྱུ་ཁྱབ་བསྒྲགས་བྱས་ཤིང་། དེ་དག་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་བཅའ་ཁྲིམས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མཉམ་ལས་ལ་སྐུལ་འདེད་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལམ་སྲོལ་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཐད་དང་འབྲེལ་བ་ཡོད་པ་རེད།

    རྒྱལ་ཁབ་120ལྷག་ཙམ་གྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་གདེང་འཇོག་བཟང་པོ་ཐོབ་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་དང་སྲུང་སྐྱོང་བྱེད་པའི་ཐད་ཀྲུང་གོས་འབད་བརྩོན་ལྷོད་མེད་བྱས་པར་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ། ཀྲུང་གོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་དང་། རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞི་བཟོས་པ་དང་ལག་ལེན་བསྟར་བ། བུད་མེད་ཀྱི་ཁེ་དབང་འགན་སྲུང་གི་བཅའ་ཁྲིམས་བཟོ་བཅོས་བརྒྱབ་པ། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་དང་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་བཅས་ལ་བསྔགས་བརྗོད་ཀྱང་བྱས་ཤིང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ནི་ཀྲུང་གོའི་རྒྱལ་བབ་དང་མཐུན་པ་དང་མི་དམངས་ཀྱི་རེ་འདུན་དང་འཚམ་པས། རྒྱལ་ཁབ་ཁག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་རང་བརྟེན་འཚོལ་ཞིབ་བྱེད་པར་གདམ་ག་གསར་པ་ཞིག་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེས་རེས་བྱེད་སྒོ་མུ་མཐུད་སྤེལ་ནས། ཕྱོགས་ཁག་གིས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་དེ་བས་དྲང་གཞག་དྲང་བདེན་དང་ལུགས་མཐུན་བསྟུན་མཁས་ཀྱི་འཕེལ་ཕྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱས་ཡོད། གྲོས་ཞིབ་བྱེད་མཇུག་འགྲིལ་རྗེས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་དང་། རྒྱལ་ཁབ་མང་པོའི་འཐུས་མིས་ཀྲུང་གོའི་འཐུས་མི་ཚོགས་པར་རྟེན་འབྲེལ་ཞུས་པ་རེད།

    རྒྱལ་ཁབ་མི་འདྲ་བའི་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་ཞིབ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་འདྲ་མཉམ་ཟོལ་མེད་ངང་སྤེལ་རེས་བྱེད་པ་དང་། དགེ་མཚན་ལྡན་པའི་གླེང་མོལ་དང་མཉམ་ལས་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་རེད། ཀྲུང་གོ་2009ལོ་དང་། 2013ལོ། 2018ལོ་བཅས་ཀྱི་རེས་སྐོར་དང་པོ་ནས་གསུམ་པའི་བར་གྱི་གྲོས་ཞིབ་ལ་ཞུགས་མྱོང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།