བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས།
རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་སྐོར་གླེང་བ།
རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱང་ལམ་གསར་པར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ་དང“རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ”བཅས་སྡེབ་གཅིག་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་ཀྱིས་རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཐོན་རྐྱེན་མཐའ་གཅིག་ཏུ་མེད་པ་བཟོ་དགོས།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ“གཏན་འཁེལ་གཉིས”ལ་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”ཐུབ་པར་བྱས་ནས་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པར་དམིགས་པས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པ་ཐོན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་འབྲེལ་ཕྱོགས་ཡོངས་ནས་སྲ་བརྟན་དུ་ཕྱིན་ཡོད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོད། ང་ཚོས་གྲུབ་འབྲས་ལ་ཁས་ལེན་དང་གདེང་ཚོད་བརྟན་དུ་གཏོང་དགོས་ལ། འགྲན་སློང་མཐོང་ཐུབ་པ་དང་རིག་པ་དྭངས་གསལ་ཡང་བྱེད་དགོས་པ་ལས་ལྷོད་གཡེང་དང་སྙིང་རྗེ་གཏན་ནས་བྱེད་མི་རུང་བར་ངེས་པར་དུ“རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ”བཅས་སྡེབ་གཅིག་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་ཀྱིས་རྩ་ལག་མཉམ་བཅོས་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པར་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ“གཙོ་འགན་འཁུར་མཁན”ལ་དམིགས་ཏེ། དགོངས་གཞི་ནན་པོར་བརྟེན་ནས་རུལ་སུངས་ལ་ཆད་གཅོད་དང་བཅོས་སྒྲིག་ནན་པོ་མཐའ་འཁྱོངས་དང་། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་ཟིལ་ཤུགས་དང་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། “དཔོན་རིགས་དང་ཚོང་པའི་དབར་གྱི་ངན་འབྲེལ”ལ་ཆད་གཅོད་བྱེད་པ་དེ་འགག་སྒྲོལ་དམག་འཐབ་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཚོང་གཉེར་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཡོ་བསྲང་བྱེད་དགོས། སྲོལ་ངན་དང་རུལ་སུངས་ལ་མཉམ་བཤེར་མཉམ་བཅོས་མཐའ་འཁྱོངས་བྱས་ཏེ། གྱོད་གཞིར་བརྟེན་ནས་སྒྱུར་བཅོས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རུལ་སུངས་ཀྱི་ཉེན་ཟོན་ཉེན་བརྡ་དང་ཆད་གཅོད་བསླབ་འདོམས་ཀྱི་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། དབང་ཆ་སྤྱོད་པའི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་དང་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ཁ་གཏད་མྱུར་འཇལ་དང་མཉམ་འབྲེལ་ཐག་གཅོད་ཀྱི་ལས་ཀའི་ལམ་སྲོལ་ཞིག་ཆགས་པར་བྱེད་དགོས། སྤྱོད་གཙང་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་གི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་ཀའི་ནང་མཉམ་འདྲེས་ཐུབ་པར་བྱས་ཏེ་སྤྱོད་གཙང་རུལ་རྒོལ་གྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།
ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་དང་འབྲེལ་བ་ཡོད་ལ། མི་སེམས་གཏད་ཕྱོགས་དང་བྱ་གཞག་དར་རྒུད་རྒྱལ་ཕམ་དང་ཡང་འབྲེལ་བ་ཡོད། ལྗོངས་ཏང་ཨུད་སྐབས་བཅུ་པས་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་ནས་འགོ་བཙུགས་ཏེ་ལོ་གཉིས་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། སྤྱོད་ཚུལ་གྱི་གནད་དོན་ལ་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལྡན་པས། ལྷོད་གཡེང་ཕྲན་ཙམ་ཤོར་ན་བསྐྱར་ལོག་ཐེབས་སྲིད། སྤྱོད་ཚུལ་འཛུགས་སྐྱོང་ནི་ནམ་ཡང་ཚར་དུས་མེད་པས། ངེས་པར་དུ་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱོད་ཚུལ་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་དང་། དགོས་ངེས་རང་བཞིན། དགོས་གཏུག་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་སྲོལ་སྲིད་སྲོལ་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་ཐོག་མཐའ་བར་གསུམ་དུ་བརྟན་པོར་བསྐྲུན་ནས་ལྷུ་ཚིགས་གལ་ཆེན་དང་། གཙོ་གནད་ཁུལ། ཚོགས་སྤྱི་གལ་ཆེན་བཅས་ལ་དམ་པོར་དམིགས་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་ས་ཁུལ་རང་བཞིན་དང་། ལས་རིགས་རང་བཞིན། དུས་མཚམས་རང་བཞིན་བཅས་ཀྱི་ཁྱད་ཆོས་དང“སྲོལ་ངན་རུལ་སུངས་མཉམ་དུ་གནས་པ་དང་། སྲོལ་ངན་རུལ་སུངས་གཞི་གཅིག་ཅན”གྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། གྲོན་ཆུང་བསྲི་ཚགས་ཀྱི་འཚོ་བ་སྐྱེལ་བའི་བསམ་བློ་བརྟན་པོར་བཙུགས་ནས་མི་རིགས་ཁག་གི་མང་ཚོགས་རྣམས་འཚོ་བ་ཡག་པོ་སྐྱེལ་ཐུབ་རྒྱུ་དེ་བླ་ན་མེད་པའི་ལས་འགན་ལ་བརྩི་དགོས། སྤྱོད་ཚུལ་མུ་མཐུད་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར། གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དག་ཐེར་བཅོས་སྐྱོང་མཉམ་འགུལ་བྱེད་པ་དང་། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ། ཏང་ཡོན་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བཅས་བྱས་ནས་དངོས་ཕན་ཐོན་པར་འབད་བརྩོན་མང་ཙམ་དང་ཕྱི་ཚུལ་ཐད་དོན་མེད་དཀའ་ལས་ཉུང་ཙམ་རྒྱག་དགོས།
ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནི་རང་རེའི་ཏང་གིས་མི་དམངས་ལ་བཞག་པའི“དམག་བཀའ་ཁུར་ལེན་ཞུ་ཡིག”ཅིག་ཡིན། “གཙོ་འགན་འཁུར་མཁན་གྱིས”རང་འགུལ་ངང་འགན་འཁྲི་བ་ཨང་དང་པོའི་འགན་འཁྲི་ཁུར་བ་དང་། འགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་དག་གིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ནན་ཏན་བྱེད་པ། རང་གཅུན་ནན་པོ་དང་། རང་འགན་གཙང་སྒྲུབ། ཁོངས་གཏོགས་ཁུལ་ལ་དོ་དམ་ནན་པོ་བཅས་བྱས་ཏེ་གོང་འོག་སེམས་པ་གཅིག་མཐུན་དང་། དམ་པ་དོན་གཉེར། སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བཅས་བྱེད་པའི་རྣམ་པ་ཟབ་མོ་ཆགས་པར་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་པ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གོ་སྐབས་སུ་བྱས་ཏེ། སྒྲིག་ཁྲིམས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། རལ་གྲི་རྣོན་པོའི་ནུས་པ་ཆེ་རུ་བཏང་ནས་སྤུས་ཚད་མཐོན་པོས་སྐོར་གཟིགས་དང་ལྟ་ཞིབ་ཕྱོགས་ཡོངས་ལ་ཁྱབ་པར་སྐུལ་འདེད་བཏང་སྟེ་ཆབ་སྲིད་ཀྱི་ལྟ་སྐུལ་གྱི་ནུས་པ་ཡག་པོ་འདོན་དགོས། ལས་བྱེད་པར་དཔྱད་ཞིབ་བྱེད་པའི“བཀོད་འདོམས་དབྱུག་པའི”ནུས་པ་དེ་བས་ལེགས་པར་བཏོན་ནས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་དགོས།
ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་གཟི་བརྗིད་སྲོལ་རྒྱུན་མུ་མཐུད་དར་སྤེལ་བཏང་སྟེ། རང་ངོས་གསར་བརྗེའི་མིག་དཔེ་དང་སྒྲིག་བཀུར་ཁྲིམས་སྲུང་གི་ཚད་ཤིང་ཞིག་ཧུར་ཐག་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་། བློས་འགེལ་ཆོག་པ། སྤྱོད་པ་གཙང་བ་བཅས་མཐའ་གཅིག་ཏུ་བྱེད་དགོས།