དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན།

    ཀྲུང་སིང་དབར་ཐོངས་མཆན་མི་དགོས་པའི་གྲོས་ཆོད་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་ལག་རྟགས་ཕུལ་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-27

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། ཀྲུང་གོ་དང་སིང་ཀ་ཕོར་གྱིས་རྒྱལ་སྒྲོལ་ལམ་ཡིག་དཀྱུས་མ་ཡོད་མཁན་ལ་ཐོངས་མཆན་མི་དགོས་པའི་གྲོས་ཆོད་ལ་མིང་རྟགས་བཀོད་པ་རེད། ཉིན་དེར་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་སྐྱོན་སྐབས། ཀྲུང་སིང་དབར་ཐོངས་མཆན་མི་དགོས་པའི་གྲོས་ཆོད་དེ་ཀྲུང་གོའི་ལུགས་རྙིང་ལོའི་འབྲུག་ལོའི་དཔྱིད་གསར་དུས་ཆེན་གོང་དངོས་སུ་ལག་ལེན་བསྟར་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་ལག་རྟགས་ཕུལ་ཡོད་ཅེས་བརྗོད།

    དབང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་སིང་ཕྱོགས་གཉིས་པོའི་མི་སྣ་འགྲོ་འོང་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཚེས་25ཉིན་ཕྱོགས་གཉིས་པོས་པེ་ཅིང་དུ《རྒྱལ་སྒྲོལ་ལམ་ཡིག་དཀྱུས་མ་ཡོད་མཁན་ལ་ཐོངས་མཆན་མི་དགོས་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་སིང་ཀ་ཕོར་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དབར་གྱི་གྲོས་ཆོད》ལ་དངོས་སུ་མིང་རྟགས་བཀོད་པ་རེད། གྲོས་ཆོད་དེ་ཟླ་2ཚེས་9ཉིན་དངོས་སུ་ལག་ལེན་བསྟར་རྒྱུ་རེད། སྐབས་དེ་དུས་ཕྱོགས་གཉིས་ཀྱི་རྒྱལ་སྒྲོལ་ལམ་ཡིག་དཀྱུས་མ་ཡོད་མཁན་ཕྱོགས་གཉིས་པོའི་རྒྱལ་མཚམས་ནས་འཛུལ་སྐབས་ཐོངས་མཆན་མི་དགོས་པར་ཉིན་30མན་སྡོད་ཆོག་གི་ཡོད་ཅེས་བརྗོད།

    “ཀྲུང་སིང་དབར་ཐོངས་མཆན་མི་དགོས་པའི་གྲོས་ཆོད་དེ་ཀྲུང་གོའི་ལུགས་རྙིང་ལོའི་འབྲུག་ལོའི་དཔྱིད་གསར་དུས་ཆེན་གོང་ལག་ལེན་བསྟར་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དཔྱིད་གསར་གྱི་ལག་རྟགས་ཕུལ་ཡོད་པས། ཀྲུང་སིང་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་སྔར་བས་སྐུལ་འདེད་དང་ཀྲུང་སིང་དབར་གྱི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ངེས་རེད”ཅེས་དབང་ཝུན་པིན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།