དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས།

    དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་ལ་སྐུལ་འདེད་དང་སྲུང་སྐྱོང་སོགས་བྱེད་པའི་ཐད་ཉམས་མྱོང་སྤེལ་རེས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-27

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་1ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་བཞི་པའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གྲོས་ཞིབ་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་བརྗོད་དོན་གཙོ་བོའི་ཞོར་ཚོགས་གྲོང་ཁྱེར་རི་ནེ་ཝར་འཚོགས་པ་དང་། ཚོགས་ཞུགས་སྐུ་མགྲོན་གྱིས་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱས་ཚུལ་དང་། འཕེལ་རྒྱས་ཀྱི་དབང་ཆ་ལག་ལེན་བསྟར་ཚུལ། འགྲོ་བ་མིའི་ཐོབ་ཐང་གི་དཔལ་འབྱོར་སོགས་ཀྱི་ཉམས་མྱོང་སྤེལ་རེས་བྱས་པ་རེད།

    རི་ནེ་ཝར་རྒྱུན་བཞུགས་ཀྲུང་གོའི་འཐུས་མི་ཚོགས་པའི་གཞུང་ཚབ་ཚན་ཙན་ཧྲི་ཆིས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་གིས་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་ལ་ངོས་འཛིན་གཅིག་མཐུན་ཡོང་བར་དམིགས་ཏེ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ནུས་པ་འཛུགས་སྐྱོང་སོགས་ལ་བརྟེན་ནས་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་ལ་སྐུལ་འདེད་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བར་ངོ་རྒོལ་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་དེ་གོ་སྐབས་སུ་བརྩིས་ནས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སོགས་ཕྱོགས་མང་གི་འགྲོ་བ་མིའི་ཐོབ་ཐང་ལམ་སྲོལ་ནང་ཧུར་ཐག་ཞུགས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་དེ་བས་འདྲ་མཉམ་དང་། དྲང་གཞག ལུགས་མཐུན། བསྟུན་མཁས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད།

    རི་ནེ་ཝར་རྒྱུན་བཞུགས་སི་རི་ཡའི་འཐུས་མི་ཧའེ་ཏེར·ཨ་ལི·ཨ་ཧ་མེ་ཏིས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་ཁྱབ་ཁོངས་སུ་ཀྲུང་གོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་གོ་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། མཐའ་དག་མི་དམངས་ཀྱི་ཆེད་དུ་དང་མཐའ་དག་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱས་པས་ཕན་འབྲས་ཡུན་རིང་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་ཤིན་ཅང་དུ་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་དང་། ས་གནས་ཀྱི་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་བས། ས་གནས་དེ་གའི་མི་དམངས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་ལ་འགན་སྲུང་ནུས་ལྡན་ཐུབ་ནས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཚིག་མཚོན་འདེབས་པ་དང་སྐྱོན་འཛུགས་བྱས་པ་བཞིན་གཏན་ནས་མིན་ཞེས་བརྗོད།

    ཀྲུང་གོའི་གྲངས་ཉུང་མི་རིགས་ཕྱི་ཕྱོགས་སྤེལ་རེས་མཐུན་ཚོགས་ཀྱི་ལས་འཛིན་དཀོན་མཆོག་ཚེ་རིང་གིས། བོད་ཀྱི་སློབ་གསོའི་ཁྲོད་བོད་ཡིག་གཞི་རྟེན་དུ་བྱས་པའི་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཐུབ་ཡོད། བོད་ཀྱི་སྲོལ་རྒྱུན་དུས་ཆེན་དང་དམངས་སྲོལ་བྱེད་སྒོ་འཕེལ་རྒྱས་ལ་སྲུང་སྐྱོབ་ཐུབ་ནས་དེ་ཡུལ་སྐོར་གྱི་སྤུས་རྟགས་བྱེད་སྒོ་གལ་ཆེན་ལ་འགྱུར་བཞིན་ཡོད་པས། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཐུབ་ཡོད་ཅེས་བརྗོད།

    རི་ནེ་ཝར་རྒྱུན་བཞུགས་ཁུ་པ་དང་། བྷེ་ཨུ་རུ་སུ། ཝེ་ཐེ་ནམ། པུ་རུན་ཏི། ཨ་ཟེར་བྷེ་ཇན། ཏོ་སྨི་ནི་ཁ་སོགས་ཀྱི་འཐུས་མི་ཚོགས་པས་ཞོར་ཚོགས་ལ་ཞུགས་མཁན་འཐུས་མི་མངགས་པ་དང་འབྲེལ་སྤེལ་རེས་ཀྱང་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།